ཟླ8པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་འབྱོར་བའི་གནས་ཚུལ་ལྟར་ན། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་སུ་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་རིམ་དགར་སྨན་བཅོས་དང་། སྤུས་ལེགས་སྨན་བཅོས་ཐོན་ཁུངས་རྒྱ་སྐྱེད་དངོས་འབེབས་དང་ས་ཁོངས་དོ་མཉམ་བཀོད་སྒྲིག་བྱེད་པ་གཙོ་ཐིག་ཏུ་འཛིན་པར་སྐུལ་འདེད་བཏང་བ་དང་། ཞིང་ཆེན་རིམ་པའི་མཐོ་ས་དང་། གྲོང་ཁྱེར་དང་ཁུལ་གྱི་ལྟེ་བ། རྫོང་ཁོངས་ཀྱི་བྱེད་པོ། གཞི་རིམ་མཐིལ་དྲའི་རིམ་པ་བཞིའི་སྨན་བཅོས་ཞབས་ཞུའི་མ་ལག་རིམ་སྤོར་བྱེད་པར་གཅིག་འདོམས་སྐུལ་འདེད་བཏང་སྟེ། ཏན་ཏིག་གིས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱིས་ཉེ་ས་ནས་སྨན་པ་སྟོན་པ་དང་། སྤུས་ལེགས་སྨན་བཅོས་ཀྱི་ཐོབ་སྣང་མཐོར་འདེགས་བྱས།
ཞིང་ཆེན་རིམ་པའི་སྨན་བཅོས་སྟོབས་ཆེན་མཐོ་ས་བསྐྲུན། རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་དང་། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ས་ཁོངས་སྨན་བཅོས་ལྟེ་གནས། ཞིང་ཆེན་རིམ་པའི་ས་ཁོངས་སྨན་བཅོས་ལྟེ་གནས། མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་སོགས་སྟེགས་བུ་འགངས་ཆེན་གྱི་སྤུས་འདེགས་ཕན་སྐྱེད་ལ་སྐུལ་འདེད་བཏང་། ཞིང་ཆེན་རིམ་པའི་གཞུང་བཙུགས་སྨན་ཁང་དང་རྒྱལ་ནང་གི་རྩེར་སོན་སྨན་ཁང་མཉམ་ལས་མཉམ་སྐྲུན་བྱེད་པ་གཏིང་ཟབ་ཏུ་སྤེལ་ནས། རྒྱུན་རྣམ་ཅན་དུ་ནང་འདྲེན་དང་། མཐོ་སྒང་གི་དོགས་གནད་ནད་གཞི་ལྕི་མོའི་སྔོན་ཐོན་གྱི་བརྟག་བཅོས་ལག་རྩལ་དོན་འཁྱོལ་བྱས། ཞིང་ཆེན་རིམ་པའི་སྨན་བཅོས་ལས་ཁུངས་ཀྱིས་གྲོང་ཁྱེར་དང་ཁུལ། རྫོང་རིམ་པའི་སྨན་ཁང་དང་མཉམ་འགུལ་བྱས་ནས། ཕྱོགས་གཉིས་སུ་བརྒྱུད་སྤོར་བརྟག་བཅོས་དང་། རྒྱང་བསྟེན་སྨན་བཅོས། གཞི་སྡོད་སློབ་ཁྲིད། ཚན་ཞིབ་ཀྱི་ཡུན་ཕན་མཉམ་ལས་ལམ་སྲོལ་ལ་མཉམ་འབྲེལ་བྱེད་པ་བཅས་འཐུས་ཚང་དུ་བཏང་སྟེ། སྤུས་ལེགས་སྨན་བཅོས་ཐོན་ཁུངས་དེ་མཚོ་སྔོན་ལྷོ་རྒྱུད་དང་མཚོ་སྔོན་པོའི་མཐའ་སྐོར་ས་ཁུལ་གྱི་གཞི་རིམ་དུ་ཐོན་པར་སྐུལ་འདེད་བཏང་།
གྲོང་ཁྱེར་དང་ཁུལ་གྱི་སྨན་བཅོས་ལྟེ་བ་ཇེ་ལེགས་སུ་བཏང་། ཞིང་ཆེན་རིམ་པའི་ས་ཁོངས་སྨན་བཅོས་ལྟེ་གནས་ལ་བརྟེན་ནས། ཚད་ལྡན་ཅན་གྱི་སྒོ་ནས་བྲང་ཟུག་དང་། གཟའ་གྲིབ། རྨས་སྐྱོན། ཉེན་ཆེའི་སྦྲུམ་མའི་སྐྱོབ་བཅོས། ཉེན་ཆེའི་ཕྲུ་གུ་སྐྱོབ་བཅོས། ཛ་དྲག་ཅན་གྱི་མཐོ་སྒང་ནད་སྐྱོབ་བཅོས་བཅས་ལྟེ་གནས་ཆེན་པོ་དྲུག་འཛུགས་སྐྲུན་བྱས། ཀྲུང་ལུགས་གསོ་རིག་དགེ་མཚན་ལ་ཤུགས་བསྣན་ནས་ཆེད་ཚན་སྨན་བཅོས་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱས་ཏེ། ཀྲུང་ལུགས་སྨན་རྫས་ཞབས་ཞུའི་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བར་སྣེ་ཁྲིད་བྱས། ཞིང་ཆེན་རིམ་པའི་སྨན་ཁང་གིས་ཁ་གཏད་རོགས་སྐྱོར་བྱེད་སའི་གྲོང་ཁྱེར་དང་ཁུལ་གྱི་སྨན་བཅོས་ལས་ཁུངས་དང་ཡུན་ཕན་མཉམ་ལས་ལམ་སྲོལ་འཛུགས་པ་གཏིང་ཟབ་ཏུ་བཏང་སྟེ། མཚོ་སྔོན་མཐོ་སྒང་གི་ཁྱད་ལྡན་རྒྱུན་མཐོང་ནད་དང་། རྒྱུན་འབྱུང་གཅོང་ནད། དོགས་གནད་ས་གནས་ནད་བཅས་ལ་དམིགས་ནས་ཆེད་ལས་ཚན་ཁག་གི་གནད་འཁེལ་རོགས་སྐྱོར་སྤེལ་བ་དང་། རིམ་པ་དགར་ནས་སྨན་བཅོས་བྱེད་པའི་ལམ་ལུགས་རྒྱུན་རྣམ་ཅན་དང་། ཡུན་ཕན་ཅན་དུ་དོན་འཁྱོལ་བྱས་ཏེ་ཕན་འབྲས་འབྱུང་བར་སྐུལ་འདེད་བཏང་།
རྫོང་ཁོངས་ཀྱི་མཐིལ་དྲ་སྲ་སྐྲུན་བྱས། མཚོ་སྔོན་ཀྱི་ས་ཁོངས་རྒྱ་ཆེ་བ་དང་། ཞབས་ཞུའི་མི་གྲངས་ཁ་ཐོར་ཡིན་པ། མཁར་གྲོང་དང་རོང་འབྲོག་ཁུལ་གྱི་བར་ཁྱད་ཆེ་བའི་ཁྱད་ཆོས་དག་དང་ཟུང་འབྲེལ་བྱས་ཏེ། གནད་ལ་འཁེལ་བའི་སྒོ་ནས་གཞི་རིམ་ཁྱད་ལྡན་ཆེད་ལས་ཚན་ཁག་བཀོད་སྒྲིག་བྱས་ཤིང་། མྱུར་བསྟེན་མྱུར་སྐྱོབ་དང་། བདེ་འཇགས་སྨན་བཅོས། ལུས་པོའི་ལྗིད་ཚད་ཀྱི་གཅོང་ནད་དོ་དམ་བྱེད་པའི་ཞབས་ཞུར་ཤུགས་སྣོན་པ་བཅས་གཙོ་བོར་བཟུང་ནས། རྒན་པ་དང་། བུད་མེད། བྱིས་པ་སོགས་གཙོ་གནད་མི་ཚོགས་ཀྱི་ནད་མང་མཉམ་སྐྱོང་དང་། ཕྱོགས་བསྡུས་བདེ་ཐང་ཞབས་ཞུའི་ནུས་པ་མཐོར་འདེགས་བཏང་། དམ་ཚགས་རང་བཞིན་གྱི་རྫོང་ཁོངས་སྨན་བཅོས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་གཅིག་འདོམས་སྐུལ་འདེད་བཏང་སྟེ། རྫོང་ཁོངས་ཀྱི་སྨན་བཅོས་ཞབས་ཞུ་དོ་མཉམ་ཅན་དུ་མངོན་འགྱུར་བྱས། རྒྱུན་རྣམ་ཅན་གྱི་སྒོ་ནས་སྤུས་ལེགས་ཞབས་ཞུ་གཞི་རིམ་དུ་བསྐྱོད་པའི་བྱེད་སྒོ་སྤེལ་ནས། 2030ལོར་སླེབས་དུས། རྒྱལ་ཁབ་ཞབས་ཞུའི་ནུས་པའི་ཚད་ལྡན་གྱི་ཞང་དང་གྲོང་རྡལ་འཕྲོད་བསྟེན་ཁང་དང་། སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་ཟིན་ཚད་བརྟན་པོའི་ངང་བརྒྱ་ཆའི95ཡན་ལ་སླེབས་པར་བརྩོན་ལེན་བྱས་ཏེ། མང་ཚོགས་ཀྱི་ནད་ཆུང་བའི་རིགས་དང་། གཅོང་ནད། ཁམས་གསོའི་དགོས་མཁོ་དེ་གྲོང་གསེབ་དང་། སྡེ་ཁུལ་ནས་ཐག་གཅོད་ཐུབ་པར་གཏོང་རྒྱུ་རེད།