ཟླ་8ཚེས་26ཉིན། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་དུ་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་ཡོད། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། ཚེས་27ཉིན་གྱི་སྔ་དྲོའི་ཆུ་ཚོད་8པའི་བར་སླེབས་དུས། གནོད་འཚེའི་ཁྲོད་མི་3རྐྱེན་ལམ་དུ་ཤོར་བ་དང་མི་558དང་འབྲེལ་ཐག་ཆད་ཡོད།
སྐྱིད་གྲོང་གི་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་དེའི་ཐོལ་བྱུང་རང་བཞིན་དང་གཏོར་བརླག་རང་བཞིན་ཤིན་ཏུ་ཆེ་བ་དང་། དེའི་རྒྱུ་མཚན་ནི།
ད་ཐེངས་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཚབས་ཆེན་ཕོག་པའི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་ནི་ཧི་མ་ལ་ཡའི་ལྷོ་འདབས་སུ་གནས་པ་དང་། ལྷོ་ཕྱོགས་ཀྱི་ནེ་པ་ལ་དང་ཏུང་ལིང་གཙང་པོས་འཕྲེད་བཅད་བཏང་ཡོད།
གསར་འགོད་པས་ཚེས་27ཉིན་རང་བྱུང་ཐོན་ཁུངས་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ཐེངས་ཀྱི་བོད་ལྗོངས་སྐྱིད་གྲོང་གི་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ནི་ནེ་པ་ལའི་མངའ་ཁོངས་སུ་མཐོ་སའི་གངས་འཁྱགས་རྡིབ་པས། འཁྱགས་རུད་ཐོན་པ་དང་དེ་ནས་འདམ་རྡོའི་ཆུ་རུད་དུ་གྱུར་བའི་མུ་འབྲེལ་གནོད་འཚེ་ཞིག་ཡིན།
ཁྲེང་ཏུའུ་རང་བྱུང་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་སློབ་སྤྱི། ས་གཤིས་གནོད་འཚེ་འགོག་བཅོས་དང་ས་གཤིས་ཁོར་ཡུག་སྲུང་སྐྱོང་རྒྱལ་ཡོངས་གཙོ་གནད་ཚོད་ལྟ་ཁང་གི་དབུ་བཞུགས་ཚན་རིག་མཁས་ཅན་ཞུས་ཆང་གིས་གསུངས་པར་གཞིགས་ན། ཕྱོགས་མང་པོའི་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་པའི་དབང་གིས། ད་ཐེངས་ཀྱི་གནོད་འཚེའི་ཐོལ་བྱུང་རང་བཞིན་ཆེ་བ་དང་གཏོར་སྐྱོན་རང་བཞིན་ཆེན་པོ་ཡོད།
གཅིག་ནི། གངས་འཁྱགས་རྡིབ་ཁུལ་གྱི་ས་བབ་མཐོ་ཚད་ལ་སྨི་5000ཡོད་པ་དང་། སྐྱིད་གྲོང་འགག་སྒོའི་ས་བབ་མཐོ་ཚད་ལ་སྨི་1830ཡོད་པས། ས་བབ་ཀྱི་མཐོ་དམའི་བར་ཁྱད་སྨི་སུམ་སྟོང་ལྷག་ཡོད། ས་དབྱིབས་ཧ་ཅང་གཟར་བ་དང་། འཁྱགས་རུད་དེ་འདམ་རྡོའི་ཆུ་རུད་དུ་གྱུར་རྗེས་མྱུར་ཚད་དེ་བས་མགྱོགས་པོ་ཡོད།
གཉིས་ནི། འཁྱགས་རུད་ནང་གི་འཁྱགས་ཧྲུག་དེ་དག་ཆུ་ལམ་དུ་ཕུང་གསོག་ཐེབས་པ་མ་ཟད་རྒྱུན་མཐུད་དམར་སར་བཞུར་བས། མཐར་དྲག་ཏུ་རྒྱུག་པའི་འདམ་རྡོའི་ཆུ་རུད་ལ་གྱུར་ཏེ་སྐྱིད་གྲོང་འགག་སྒོར་སླེབས་ནས་མི་སྣ་ཤི་རྨས་ཚབས་ཆེན་བཟོས་ཡོད།
གསུམ་ནི། ལམ་རྒྱུད་དུ་ཁང་པ་མང་པོ་ཡོད་པ་མ་ཟད། ད་དུང་ཆུ་བོ་གསུམ་གྱི་འདྲེས་མཚམས་ཡིན་པས་གཏོར་བརླག་ཐེབས་ཧ་ཅང་སླ་བ་ཡོད།
བཞི་ནི། ད་ཐེངས་ནི་འཁྱགས་རུད་ནས་འདམ་རྡོའི་ཆུ་རུད་དུ་གྱུར་བ་ཡིན་ཞིང་། འཁྱགས་རུད་ནི་ཐོལ་བྱུང་གི་རང་བྱུང་གནོད་འཚེ་ཞིག་ཡིན་ལ། དེར་གཏོར་བརླག་རང་བཞིན་ཤིན་ཏུ་ཆེན་པོ་ཡོད་པ་རེད།