ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་འདམ་རུད་ཀྱི་གནོད་སེལ་རོགས་སྐྱོབ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་།

ཡོང་ཁུངས། ཁམས་པའི་བརྙན་འཕྲིན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་འདམ་རུད་ཀྱི་གནོད་སེལ་རོགས་སྐྱོབ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུ་མ་ཚོགས་གོང་། ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་སོགས་ཡར་བཞེངས་ནས་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་འདམ་རུད་ཀྱི་གནོད་འཚེའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོར་མྱ་ངན་ཞུས་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྤྱི་ཟླ་༨པའི་ཚེས་༢༨ཉིན་ཚོགས་འདུ་འཚོགས་ནས། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་འདམ་རུད་ཀྱི་གནོད་སེལ་རོགས་སྐྱོབ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུ་ཚོགས་འགོ་རྩོམ་དུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚང་མ་ཡར་བཞེངས་ནས་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་འདམ་རུད་ཀྱི་གནོད་འཚེའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོར་མྱ་ངན་ཞུ་བའི་དགོངས་འཆར་བཏོན་པ་རེད། 

ཚོགས་འདུའི་ཐོག  བལ་བོའི་ཕྱོགས་སུ་འདམ་རུད་ཀྱི་གནོད་འཚེ་བྱུང་ནས་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་འགག་སྒོའི་རྒྱུད་དུ་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བ་དང་། མི་མང་པོ་དང་འབྲེལ་བ་ཆད་ཡོད། གནོད་འཚེ་བྱུང་རྗེས། ཏང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲལ་དུ་བཀའ་བཀོད་གལ་ཆེན་གནང་སྟེ། གནོད་སྐྱོབ་དང་བབ་བསྟུན་བཀོད་སྒྲིག་སོགས་ཀྱི་ལས་དོན་ལ་བླང་བྱ་ཁ་གསལ་བཏོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གནོད་འཚེ་ཐེབས་ཁུལ་དུ་ཕེབས་ནས། གནོད་འཚེ་ཐེབས་ཁུལ་གྱི་མང་ཚོགས་དང་འཚོལ་སྐྱོབ་མི་སྣར་འཚམས་འདྲི་གནང་ཞིང་།  ཡུལ་དངོས་ནས་གནོད་སྐྱོབ་ལས་དོན་ལ་མཛུབ་ཁྲིད་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིང་ཡང་ཡུལ་དངོས་སུ་ཕེབས་ནས་གནོད་སྐྱོབ་དང་བབ་བསྟུན་ཐག་གཅོད་ལས་དོན་ལ་མཛུབ་སྟོན་གནང་བ་རེད། ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་དབུ་ཁྲིད་འོག་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་དོན་ཚོགས་ཆུང་གི་མཛུབ་སྟོན་འོག བོད་རང་སྐྱོང་ལྗོངས་དང་བབ་བསྟུན་དོ་དམ་པུའུ་སོགས་འབྲེལ་ཡོད་སྡེ་ཁག་དང་མེ་ཟོན་རོགས་སྐྱོབ་རུ་ཁག ཀྲུང་གོ་ཨན་ནེང་སོགས་ཆེད་ལས་རོགས་སྐྱོབ་རུ་ཁག་སོགས་དང་། བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག་དཔུང་སྡེ་བཅས་ཀྱིས་དེ་མ་ཐག་བཀའ་ལྟར་ཡུལ་དངོས་སུ་བསྐྱོད་ནས་འཚོལ་སྐྱོབ་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་འགོ་ཚུགས་ཤིང་། མང་ཚོགས་བཀོད་སྒྲིག་དང་རྗེས་འཇུག་སོགས་ཀྱི་ལས་དོན་ཡང་ཕྱོགས་ཡོངས་ནས་སྤེལ་བཞིན་ཡོད་ཅེས་བསྟན།  

ཚོགས་འདུའི་ཐོག ཐེངས་འདིའི་གནོད་འཚེ་དེ་ས་མཐོའི་གྲང་ངར་ཆེ་བའི་ཁུལ་དུ་ཐོན་པ་དང་། ནམ་ཟླའི་འགྱུར་ལྡོག་ཆེ་ཞིང་། གཡང་གཟར་པོ་ཡོད་ལ། མཐའ་འཁོར་དུ་འཁྱགས་རོམ་དང་འཁྱགས་མཚོ་མང་ཞིང་། ས་གཤིས་ཀྱི་གནོད་འཚེ་འབྱུང་ཉེན་ཆེ་བས་འཚོལ་སྐྱོབ་ལས་དོན་ལ་དཀའ་ངལ་ཆེན་པོ་བཟོས་ཡོད། འབྲེལ་ཡོད་ཕྱོགས་ཁག་གིས་ཀྱང་མི་དམངས་གཙིགས་སུ་འཛིན་པ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ནས། ཚན་རིག་དང་མཐུན་པ་དང་ནུས་ལྡན་གྱི་བྱ་ཐབས་སྤྱད་དེ་ལས་དོན་ཁག་ཏན་ཏིག་གིས་བསྒྲུབ་དགོས་པ་དང་། སྡེ་ཁག་དབར་མཉམ་འབྲེལ་དང་གྲོས་མོལ་མང་ཙམ་བྱས་ནས། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏང་རྒྱུར་ཤུགས་སྣོན་རྒྱག་པ་དང་། མཚོ་འཁྱིལ་དང་དེའི་མཐའ་སྐོར་གྱི་རི་བོའི་བརྟན་ཆགས་རང་བཞིན་ལ་དོ་སྣང་བྱས་ཏེ། ཞོར་ཐོན་གནོད་འཚེ་མི་འབྱུང་བར་བྱ་དགོས། ཡུལ་དངོས་ཀྱི་མི་སྣའི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། འཚོལ་སྐྱོབ་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོའི་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་དང་། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་ཡག་པོ་བྱས་ནས། གོད་གསབ་དང་རོགས་སྐྱོབ་སོགས་རྗེས་འཇུག་ལས་དོན་ཞིབ་ཚགས་བསྒྲུབ་རྒྱུ་དང་། བལ་པོའི་གནོད་འཚེ་ཐེབས་ཁུལ་དུ་རོགས་སྐྱོབ་བྱས་ཏེ། རྒྱལ་སྤྱིའི་རོགས་སྐྱོབ་མཉམ་ལས་སྤེལ་དགོས་པ་སོགས་ནན་གྱིས་བསྟན་ཡོད། 

ཚོགས་འདུའི་ཐོག ཉེན་ཁའི་མངོན་མེད་རྐྱེན་ཉེན་ཁ་ཕྱོགས་ཡོངས་ནས་གྲལ་བཤེར་མཐིལ་རྟོགས་བྱས་ཏེ། མཚོ་བོད་ས་མཐོའི་འཁྱགས་རོམ་དང་འཁྱགས་མཚོའི་ཐོན་ཁུངས་ལ་བརྟག་དཔྱད་བྱ་རྒྱུར་དམ་འཛིན་བྱེད་པ་དང་། འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་ཤུགས་ཆེ་རུ་བཏང་སྟེ། གནོད་འཚེའི་ཉེན་ཁ་ཤེས་རྟོགས་ཐུབ་ཚད་ཆེ་རུ་བཏང་ནས། འཕྲལ་རྐྱེན་མྱུར་སེལ་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཆུ་བོའི་སྟོད་རྒྱུད་དང་སྨད་རྒྱུད་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ལ་ལྟ་ཞིབ་ཚད་ལེན་བྱེད་པ་དང་ཉེན་བརྡ་གཏོང་བ། མཉམ་འགུལ་བཅས་ལ་ཤུགས་སྣོན་བརྒྱག་དགོས་པ་དང་། ཉེན་ལྡན་ས་ཁུལ་གྱི་གནས་སྤོའི་ལམ་ཐིག་དང་བཀོད་སྒྲིག་ས་ཚིགས་སོགས་མི་སྣ་གནས་སྤོ་བྱེད་ཐབས་དོན་འཁྱོལ་བྱ་དགོས། ཉེན་སེལ་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གནོད་འཚེའི་ཉེན་ཁ་ཆེ་བའི་ས་མཐོ་དང་། རི་ཁུལ། མཐའ་མཚམས་སོགས་ཐག་རིང་ལུང་ཁུག་ས་ཁུལ་དུ་མེ་ཟོན་རོགས་སྐྱོབ་དང་ལས་གྲྭའི་ཉེན་སེལ་སོགས་ཀྱི་མི་སྣ་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས། ལམ་འགག་པ་དང་། གློག་ཆད་པ། དྲ་འཕྲིན་ཆད་པ་བཅས་ཀྱི་འཕྲལ་རྐྱེན་མྱུར་སེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཐའ་མཚམས་གནོད་འཚེ་དོ་དམ་གྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། འཕྲལ་རྐྱེན་མྱུར་སེལ་དང་གནོད་འཚེ་སེལ་བའི་ཆུ་ཚད་མཐོ་རུ་གཏོང་བར་ཐུན་མོང་ཐོག་སྐུལ་འདེད་གཏང་དགོས་པ་བཅས་བྱ་དགོས་ཞེས་བསྟན་ཡོད། 

ཚོགས་འདུའི་ཐོག འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་པ་དང་། མཐར་ཐུག་གི་བསམ་གཞིགས་དང་མ་མཐའི་བསམ་བློ་རྒྱུན་འཁྱོངས་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་བཅས་བྱས་ནས། བདེ་འཇགས་བརྟན་ལྷིང་གི་ལས་དོན་གང་ལེགས་བསྒྲུབ་དགོས་ཞེས་ནན་གྱིས་བསྟན་ཡོད། 

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་གནང་བ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།