རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་གྲོས་ཚོགས་ཐེངས་དོན་གཉིས་པ་ཚེས27ཉིན་གྱི་ཕྱི་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་བསྡུས། ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད།
གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཞིན་ཁྲོན་དབྱིན་གྱིས་ཕུལ་བའི་སྨན་བཅོས་འགན་སྲུང་བཅའ་ཁྲིམས་འཆར་ཟིན་གྱི་བཟོ་བཅོས་བསམ་འཆར་སྐོར་གྱི་སྙན་ཞུ་དང་། རྨོ་ཞིང་སྲུང་སྐྱོབ་དང་སྤུས་ཚད་མཐོར་འདེགས་བཅའ་ཁྲིམས་འཆར་ཟིན་གྱི་བཟོ་བཅོས་བསམ་འཆར་སྐོར་གྱི་སྙན་ཞུ། ཞིང་ལས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་བཟོ་བཅོས་བསམ་འཆར་སྐོར་གྱི་སྙན་ཞུ། རྒྱལ་སྲུང་སྐུལ་སློང་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་བཟོ་བཅོས་བསམ་འཆར་སྐོར་གྱི་སྙན་ཞུ། ཁྲིམས་རྩོད་པའི་བཅའ་ཁྲིམས་བཟོ་བཅོས་བྱེད་པའི་ཆོད་དོན་འཆར་ཟིན་གྱི་བཟོ་བཅོས་བསམ་འཆར་སྐོར་གྱི་སྙན་ཞུ་བཅས་ལ་ཉན་པ་དང་། འབྲེལ་ཡོད་འཆར་ཟིན་གྱི་བཟོ་བཅོས་མ་ཟིན་ལ་གྲོས་ཞིབ་བྱས།
གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ལོའུ་ཆིན་ཅན་གྱིས་ཕུལ་བའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཧང་ག་རིའི་རྩིས་སྤྲོད་ཆིངས་ཡིག》ལ་གྲོས་ཞིབ་བྱས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་དང་། ཆིངས་ཡིག་ལ་ཆོག་མཆན་འགོད་པའི་སྐོར་གྱི་ཆོད་དོན་འཆར་ཟིན་གྱི་ཚབ་བྲིས་མ་ཟིན་ལ་གྲོས་ཞིབ་བྱས།
གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ལིའུ་ཆི་ཡིས་ཕུལ་བའི་འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་དང་བསྐོ་འཐེན་གྲོས་གཞིར་གྲོས་ཞིབ་བྱས་ཚུལ་སྐོར་གྱི་སྙན་ཞུ་སོགས་ལ་ཉན།
ཨུ་ཡོན་ཀྲང་གྲོས་ཚོགས་ལས་གོང་གསལ་གྱི་འཆར་ཟིན་བཟོ་བཅོས་མ་ཡིག་སོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐོག་གྲོས་ཞིབ་བྱེད་པར་སྤྲོད་རྒྱུ་གཏན་འཁེལ་བྱས།