ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཐུས་མིའི་གྲོས་གཞི་གཙོར་བཟུང་ནས་སྒྲུབ་སྐུལ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ8པའི་ཚེས25ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་གྲོས་གཞི་སྒྲུབ་སྐུལ་ཚན་ཆུང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་དུ་སོང་སྟེ། ཞིང་ཆེན་དམངས་ཆེན་གྱི་འཐུས་མི་ཆན་གོ་ཆིན་གྱིས་བཏོན་པའི《“གངས་རིའི་སྣེ་ཁྲིད”ཅེས་པའི་ངལ་ལས་སྤུས་རྟགས་སྐྱེད་སྲིང་བྱེད་པའི་སྐོར་གྱི་གྲོས་གཞི》གཙོར་བཟུང་ནས་སྒྲུབ་སྐུལ་བྱས།

སྒྲུབ་སྐུལ་ཚན་ཆུང་གིས་མེ་ལྷ་གངས་དཀར་གྱི་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་དང་ཚོན་བདུན་རྦབ་ཆུའི“གངས་རིའི་སྣེ་ཁྲིད”ཅེས་པའི་ལས་གཞིའི་འཁོར་སྐྱོར་གནས་ཚུལ་ལ་ཡུལ་དངོས་ནས་རྟོག་ཞིབ་བྱས་ཤིང་། འགན་སྒྲུབ་ལས་ཁུངས་ཀྱིས་ལས་སྒྲུབ་གནས་ཚུལ་སྙན་ཞུ་ཕུལ་བར་ཉན་པ་མ་ཟད། འཐུས་མི་དང་ལྷན་དུ་བསམ་བློ་བརྗེ་རེས་དང་གྲོས་སྡུར་བྱས།

སྒྲུབ་སྐུལ་ཚན་ཆུང་གིས་བསྟན་དོན། “གངས་རིའི་སྣེ་ཁྲིད”ཅེས་པའི་ངལ་ལས་སྤུས་རྟགས་ནི་མཐོ་སྒང་གི་ས་ཁོངས་གསལ་འབྱེད་ཀྱི་ཁྱད་ལྡན་མིང་བྱང་ཡིན་པས། ཐོན་ལས་སྤུས་འདེགས་གཅིག་སྡུད་བྱས་ཏེ། སྤུས་རྟགས་སྐྱེད་སྲིང་གཏིང་ཟབ་བྱས་ནས་ནུས་ཤུགས་གཅིག་སྡུས་ཀྱིས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་གངས་འཁྱགས་ངལ་ལས་སྤུས་རྟགས་ཤིག་བསྐྲུན་དགོས། ཐོན་ལས་མུ་ཕྲེང་སྣུར་སྲིང་བྱས་ཏེ། ཟུར་སྣོན་རིན་ཐང་ཇེ་མཐོར་གཏོང་བ་དང་། སྣེ་ཁྲིད་ཀྱི་ཞབས་ཞུ་ཆིག་རྐྱང་ཡིན་པ་དེ་སྒྲིག་ཆས་གླ་གཏོང་དང་། ལམ་ཐིག་འཆར་འགོད། རྗེས་གྲབས་འགན་སྲུང་སོགས་སྣ་མང་ཅན་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། འཇོན་མིའི་འདེགས་སྐྱོར་ཇེ་བརྟན་དུ་བཏང་སྟེ། ཚད་ལྡན་དང་མ་ལག་རང་བཞིན་གྱི་རྩལ་ནུས་སྦྱོར་བརྡར་གྱི་མ་ལག་བསྐྲུན་ནས། ཆེད་ལས་ཀྱི་བྱང་ཚད་མཐོ་ཞིང་ཞབས་ཞུ་སྤུས་ལེགས་ཡིན་པ། འཕྲལ་བསྟུན་ཤུགས་དྲག་པའི་བྱང་ཚད་མཐོ་བའི་ཆེད་ལས་དཔུང་ཁག་ཅིག་གསོ་སྐྱོང་བྱེད་དགོས།

སྒྲུབ་སྐུལ་ཚན་ཆུང་གིས་ནན་གྱིས་བསྟན་དོན། འཐུས་མིས་བཏོན་པའི་གྲོས་གཞི་སྒྲུབ་པ་ནི་བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ལག་བསྟར་བྱེད་པའི་གནད་འགག་གི་བྱེད་ཐབས་ཤིག་ཡིན་པས། ཆབ་སྲིད་ལངས་གནས་མཐོར་འདེགས་བཏང་སྟེ། གྲོས་གཞི་ལེགས་པོར་སྒྲུབ་རྒྱུ་དེ་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་བྱེ་བྲག་གི་འགུལ་སྐྱོད་ཅིག་ཏུ་བརྩིས་ནས། དམངས་གཙོ་ཡིན་པ་དངོས་སུ་ཚོར་ཐུབ་པར་བྱེད་དགོས། འཐུས་མིའི་བྱེད་པོ་འབུར་དུ་དོད་དེ། བརྒྱུད་རིམ་ཧྲིལ་བོའི་མཐུན་སྦྱོར་འབྲེལ་གཏུག་གཏིང་ཟབ་ཏུ་གཏོང་བ་དང་། བསམ་བློ་བརྗེ་རེས་བྱ་བ་དེ་གཞུང་ཡིག་བརྒྱུད་སྤྲོད་ནས་ཁ་གཏད་གྲོས་མོལ་དུ་བསྒྱུར་བར་སྐུལ་འདེད་བཏང་ནས། ཇུས་བཟང་དོན་འཁྱོལ་ཡོང་བར་ཁག་ཐེག་བྱེད་དགོས། འགན་སྒྲུབ་ལས་ཁུངས་ཀྱིས་ལས་སྒྲུབ་ལས་དོན་དེ་ཁྲིམས་བཀོད་ཀྱི་འགན་འཁྲི་རུ་བརྩིས་ཏེ། འཐུས་མིའི་ལྟ་སྐུལ་རང་འགུལ་ངང་དང་ལེན་བྱེད་པ་དང་། ལྟ་སྐུལ་ལ་བརྟེན་ནས་འགན་འཁྲི་དོན་འཁྱོལ་ཡོང་བར་སྐུལ་སྤེལ་གཏོང་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཕྱི་ཚུལ་རིང་ལུགས་ནན་འགོག་བྱེད་པ་དང་། ཡིད་ཚིམ་ཚད་ཁོ་ནར་མི་བསམ་པ་དང་། གནད་དོན་ཐག་གཅོད་ཀྱི་ལས་ཆོད་དང་མང་ཚོགས་ཀྱི་ཡིད་ཚིམ་ཚད་དེ་ཚད་གཞི་གཙོ་བོར་བཟུང་ནས། གནད་དོན་དོན་ངོ་མར་ཐག་གཅོད་ཐུབ་པ་དང་། བྱ་བས་དོན་དངོས་ཀྱི་གྲུབ་འབྲས་ལོན་པར་ཁག་ཐེག་བྱེད་དགོས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།