ལུའོ་ཏུང་ཁྲོན་གྱིས་རྨ་ལྷོ་ཁུལ་དུ་རྟོག་ཞིབ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ8པའི་ཚེས26ཉིན་ནས་ཚེས27ཉིན་བར་དུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཐུན་རིན་གྲོང་ཁྱེར་དང་གཅན་ཚ་རྫོང་དུ་རྟོག་ཞིབ་བྱས་པ་དང་འབྲེལ་ཏེ། ཞོད་འགོག་གི་གནོད་འཚེ་ཉུང་དུ་གཏོང་བའི་བྱ་བར་ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་ཆགས་རྒྱུ་གཙོ་ཐིག་ཏུ་བཟུང་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་བསྐྲུན་རྒྱུ་རྒྱུན་མཐུད་ངང་ཟབ་སྤེལ་བཏང་ནས། རྨ་ལྷོའི་ཡུན་སྐྱོང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཆུ་ཚད་སྔར་ལས་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་དགོས།

ཆར་བ་བསྟུད་མར་བབས་པའི་དབང་གིས། ཐུན་རིན་གྲོང་ཁྱེར་རྒྱལ་བོ་ཞང་ཕྱེ་ཁྲི་སྡེ་བར་གནས་པའི་ས་གཤིས་གནོད་འཚེ་ཡི་འགལ་རྐྱེན་གནས་ཨང3པའི་ཉེན་ཁ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ལུའོ་ཏུང་ཁྲོན་གྱིས་ཡུལ་དངོས་སུ་རི་ཉིལ་བའི་ས་གཤིས་གནས་ཚུལ་ལ་ཞིབ་ལྟ་བྱས་ནས། ཉེན་ཁར་ཞིབ་འཇུག་དང་བརྡར་ཤ་གཅོད་པ་དང་། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ། མང་ཚོགས་ཉེན་གཡོལ་གནས་སྤོར་སོགས་ཀྱི་གནས་ཚུལ་ལ་འདྲི་རྩད་ཞིབ་མོ་བྱས་རྗེས་བསྟན་དོན།  ས་གཤིས་གནོད་འཚེ་ལ་ཐོལ་བྱུང་རང་བཞིན་ཆེ་བ་དང་གནོད་འཚེ་ཐོན་པའི་མྱུར་ཚད་མགྱོགས་པ། ཉེན་གཡོལ་དུས་ཡུན་ཐུང་བ་སོགས་ཀྱི་ཁྱད་ཆོས་ལྡན་པར་བརྟེན། ངེས་པར་དུ་སྣང་ཆུང་གི་བསམ་བློ་དང་སྟེས་དབང་གི་བསམ་པ་ཅི་རིགས་མཐའ་གཅིག་ཏུ་ཁྱད་བསད་བྱས་ཏེ། ཕྱོགས་སོ་སོའི་འགན་འཁྲི་ཇེ་དམ་དུ་གཏོང་བ་དང་ཉེན་ཁའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡ་གཏོང་བར་ཤུགས་སྣོན་པ། “བརྡ་གཏོང་དང་ལེན”དང་ཉེན་གཡོལ་གནས་སྤོར་སོགས་ཀྱི་ལས་དོན་ཞིབ་ཕྲའི་ངང་བསྒྲུབས་ནས། ཞོད་འགོག་གི་གནོད་འཚེ་ཉུང་གཏོང་གི་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱེད་དགོས།

ལུའོ་ཏུང་ཁྲོན་གྱིས་ཐུན་རིན་གྲོང་ཁྱེར་མཚོ་སྔོན་ཧྲིན་ཏ་སྐྱེ་ཁམས་ཞིང་ཕྱུགས་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སི་རུ། ཁོས་དེང་རབས་ཅན་གྱི་རིག་ནུས་བྱ་གསོ་ར་བ་དང་སྒོ་ངའི་ཐོན་རྫས་དབྱེ་འདེམས་ལས་སྣོན་ཐོན་སྐྱེད་སྒྲུབ་རིམ་ལ་ཞིབ་ལྟ་བྱས་པ་དང་། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་ཐོན་རྫས་ཁུངས་འདེད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། ཁེ་ལས་ཀྱིས་སྐྱེ་ཁམས་ཞིང་ཕྱུགས་ཀྱི་སྤུས་ཚད་ཚད་གཞི་ལག་བསྟར་ནན་མོ་བྱེད་པ་དང་། གསར་གཏོད་སྣེ་ཁྲིད་རྒྱུན་འཁྱོངས་བྱེད་པ། ཁྲོམ་ར་ཅན་གྱི་སྤུས་རྟགས་གཉེར་སྐྱོང་ཤུགས་ཆེར་གཏོང་བ། ཐོན་སློབ་ཞིབ་གསུམ་མཉམ་འདྲེས་ཟབ་སྤེལ་བྱེད་པ། སོན་ཁུངས་རང་བརྟེན་ཚོད་འཛིན་ཐུབ་པར་འགན་སྲུང་བྱེད་པ། བདེ་འཇགས་དང་སྤུས་ལེགས། གསར་པ། ཁུངས་འདེད་ཐུབ་པ་བཅས་ཀྱི་ལྗང་མདོག་ཐོན་རྫས་བསྐྲུན་པ། གཞི་ཁྱོན་ཅན་དང་ཚད་ལྡན་ཅན། དེང་རབས་ཅན་བཅས་ཀྱི་ཞིང་ཕྱུགས་ཐོན་ལས་མུ་ཕྲེང་ཧྲིལ་བོའི་སྣེ་འདྲེན་ཁེ་ལས་མགྱོགས་མྱུར་ངང་བསྐྲུན་དགོས།

ལུའོ་ཏུང་ཁྲོན་གྱིས་ཐུན་རིན་གྲོང་ཁྱེར་སྒོ་དམར་གནའ་མཁར་དང་རེབ་གོང་ཀླུ་སྒྲུབ་སྒྱུ་རྩལ་གླིང་། གཅན་ཚ་རྫོང་གྲོང་གསེབ་དར་སྤེལ་ཐོན་ལས་གླིང་ཁུལ་བཅས་སུ། རིག་དངོས་བཟོ་བཀོད་སྲུང་སྐྱོབ་བེད་སྤྱོད་དང་རེབ་གོང་ཐང་གའི་སྒྱུ་རྩལ་རྒྱུན་འཛིན་འཕེལ་རྒྱས། གསེར་བྲིས་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་ལག་རྩལ། “གཅན་ཚའི་ཤིང་བཟོ”ཡི་ཞིང་ཆེན་རིམ་པའི་ངལ་ལས་སྤུས་རྟགས་སྐྱེད་སྲིང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། གཟུགས་འདས་རིག་གནས་ཤུལ་བཞག་གི་འཐུབ་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་དང་། སྒྱུ་རྩལ་གླིང་གི་སློབ་མར་བསམ་བློ་བརྗེ་རེས་གཏིང་ཟབ་བྱས། ཁོས་ནན་གྱིས་བསྟན་དོན། གཟུགས་འདས་རིག་གནས་ཤུལ་བཞག་གི་མ་ལག་རང་བཞིན་ལ་སྲུང་སྐྱོབ་ཡག་པོ་བྱས་ནས། ཁྱད་ལྡན་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས། གྲོང་གསེབ་དར་སྤེལ་བཅས་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། ལས་རིགས་ཀྱི་ཚད་གཞིའི་མ་ལག་འཐུས་ཚང་དུ་གཏོང་བ། གཟུགས་འདས་རིག་གནས་ཤུལ་བཞག་རྒྱུན་འཛིན་གྱི་འཇོན་མི་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་པ་བཅས་བྱས་ཏེ། རིག་གནས་དེ“ཞི་རྣམ་ཉར་ཚགས”ནས“གསོན་འགྱུར་བེད་སྤྱོད”ཕྱོགས་སུ་བསྐྱོད་དེ། རིག་གནས་ཐོན་རྫས་ཀྱི་རིན་ཐང་འཕར་བ་དང་རིག་གནས་ཐོན་ལས་སྟོབས་ལྡན་དུ་འགྲོ་རྒྱུར་སྐུལ་སྤེལ་གཏོང་བ་དང་། མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་ཏེ། རིག་གནས་ཐོན་ཁུངས་ཀྱི་དགེ་མཚན་དེ་ཐོན་ལས་འཕེལ་རྒྱས་ཀྱི་དགེ་མཚན་དུ་བསྒྱུར་དགོས།

ལུའོ་ཏུང་ཁྲོན་གྱིས་གཅན་ཚ་རྫོང་གི་ལ་མོ་བདེ་ཆེན་དགོན་པ་རུ། ཡུལ་དངོས་ནས་དགོན་སྡེའི་ལོ་རྒྱུས་དང་རིག་དངོས་སྲུང་སྐྱོབ། དགོན་སྡེའི་རྒྱུན་ལྡན་དོ་དམ་སོགས་ཀྱི་གནས་ཚུལ་ལ་ཞིབ་ལྟ་དང་རྒྱུས་ལོན་བྱས་པར་མ་ཟད། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་གསེར་ཁྲི·ཆོས་ཀྱི་བློ་གྲོས་རྒྱ་མཚོ་དང་བཞུགས་མོལ་སྤེལ་རེས་བྱས་ནས། གསེར་ཁྲི་ཚང་གིས་སློབ་སྦྱོང་དང་བློ་སྦྱོང་ལ་བརྩོན་འགྲུས་དང་གྲུབ་འབྲས་མང་བོ་ལེན་པ། ལས་འགན་གཙང་སྒྲུབ། ནུས་པ་འདོན་སྤེལ་བཅས་བྱས་ཏེ། རྒྱ་ཆེའི་གྲྭ་བཙུན་དང་ཆོས་དད་མང་ཚོགས་ཀྱིས“ངོས་འཛིན་གཅིག་མཐུན་ལྔ”ཟམ་མི་ཆད་པར་ཇེ་དྲག་ཏུ་གཏོང་རྒྱུར་ཁྲིད་སྟོན་གང་ལེགས་བྱས་ནས། རྒྱལ་ཡོངས་དང་དུས་གཅིག་ཏུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་ཆེད་མཉམ་དུ་འབད་བརྩོན་བྱ་རྒྱུའི་རེ་བ་བཏོན། ལུའོ་ཏུང་ཁྲོན་གྱིས་ནན་གྱིས་བསྟན་དོན། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཆོས་ལུགས་ལས་དོན་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་པ་བཅས་བྱས་ཏེ། བོད་བརྒྱུད་ནང་བསྟན་གྱི་ཆོས་སྲོལ་དང་བསྟན་དོན་ལ་གོ་བདེ་བ་དང་དུས་བསྟུན་མདུན་སྐྱོད་ཀྱི་འགྲེལ་བཤད་བརྒྱབ་སྟེ། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པར་ཁྲིད་སྟོན་བྱས་ནས། ཆོས་ལུགས་ཞི་མཐུན་དང་མི་རིགས་འགྲིག་མཐུན། སྤྱི་ཚོགས་འཆམ་མཐུན་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་དགོས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།