རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་བསྡུས།  ཝང་ཧུའུ་ཉིང་ཚོགས་འདུར་ཞུགས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཚེས26ཉིན་གྱི་སྔ་དྲོ་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་བསྡུས། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ14ཡིས“དམངས་འཚོའི་འགན་ལེན་དང་ལེགས་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས་མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས”པར་དམིགས་ཏེ་ཚོགས་ཆེན་ཐོག་གཏམ་བཤད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས། 

ཨུ་ཡོན་ཞུས་ལིང་དབྱི་ཡིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བའི་གཙོ་གནད་དུ་བརྩིས་ནས་ས་ཁུལ་གྱི་ཧེ་བག་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག ཡོང་འབབ་ཀྱི་ཧེ་བག་བཅས་ཇེ་ཆུང་དུ་གཏོང་བའི་ཐད་ཕན་འབྲས་དངོས་ཐོན་པར་ཤུགས་རྒྱག་དགོས་པའི་གྲོས་འཆར་བཏོན། ཧྥང་ཀོང་ཧྭ་ཡིས་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་ཞུས་ནས་གཏམ་བཤད་སྤེལ་ཏེ་དམངས་གཉེར་ཁེ་ལས་ཀྱི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱས་ཏེ་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་དགོས་པ་བསྟན། སུན་ཏུང་ཧྲེང་གིས་དམངས་གཙོ་རྒྱལ་འཛུགས་ཀྲུང་དབྱང་གི་ཚབ་ཞུས་ནས་གཏམ་བཤད་གནང་སྐབས་བཤད་དོན། ངལ་རྩོལ་པའི་ཁེ་དབང་འགན་སྲུང་དེ་ལས་ཀ་བསྒྲུབས་རྗེས་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་དེ་འབྱུང་རྩ་ནས་བཅོས་སྐྱོང་བྱེད་པར་ཚུལ་བསྒྱུར་དང་། འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་པར་ཤུགས་རྒྱག་དགོས། རྒྱུན་ལས་ཨུ་ཡོན་ཁྲེན་ཞིན་དབྱིན་གྱིས་བཤད་རྒྱུར། ཐོག་མའི་བགོ་བཤའི་རྨང་གཞིའི་སྟེང་། བསྐྱར་དུ་བགོ་བཤའ་རྒྱག་པའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་གྲུབ་འབྲས་སྔར་ལས་མང་བོ་དང་སྔར་ལས་དྲང་སྙོམས་ཀྱི་སྒོ་ནས་མི་དམངས་ཡོངས་ལ་ཕན་པ་ཐོབ་པར་བྱ་དགོས། རྒྱུན་ཨུ་ཐང་ཁྲེང་ཕེས་བཤད་རྒྱུར། བགོ་བཤའ་ཐེངས་གསུམ་པའི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས་ལ། ཀུན་ཕན་བྱ་བ་དེ་སྤྱི་ཚོགས་ཀྱི་རོགས་སྐྱོབ་ནང་ཞུགས་པའི་ཐབས་ལམ་འགག་མེད་བྱས་ནས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་རོགས་རམ་བྱེད་དགོས། རྒྱུན་ལས་ཨུ་ཡོན་ཁྲེན་ཀུའེ་ཡོན་གྱིས་རྒྱལ་ཁབ་ཀྱི་སློབ་གསོའི་གྲངས་འཛིན་ཅན་གྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས་མིས་བཟོས་རིག་ནུས་ཀྱིས་རྨང་གཞིའི་སློབ་གསོ་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་པ་རེད། ཀྲང་ཞུའེ་ཆའོ་ཡིས་ནར་མ་སོན་པའི་མིའི་དྲ་རྒྱའི་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ལ། གཞོན་ནུ་ལོ་ཆུང་གི་དྲ་རྒྱའི་བར་སྟོང་བཅོས་སྐྱོང་ཚད་ལྡན་ཅན་དང་ཆེད་ལས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས་གཞོན་ནུ་ལོ་ཆུང་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་ཕན་པའི་དྲ་རྒྱའི་བར་སྟོང་གཏོད་དགོས་པའི་གྲོས་འཆར་བཏོན། རྒྱུན་ཨུ་ཁྲེང་ཁེ་ཡིས་དབང་པོ་སྐྱོན་ཅན་གྱི་འགན་སྲུང་དང་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་དགོས་ལ། གཅེས་སྐྱོང་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ནས་དབང་པོ་སྐྱོན་ཅན་གྱི་དམངས་འཚོའི་བདེ་སྐྱིད་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས་པའི་གྲོས་འཆར་བཏོན། ལིའུ་ཞའོ་མེ་ཡིས་དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཚབ་ཞུས་ནས་གཏམ་བཤད་གནང་དོན། གྲོང་གསེབ་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་དམངས་འཚོའི་འདེགས་སྐྱོར་སྲ་བརྟན་དུ་གཏོང་དགོས། ཝང་ལུའུ་ཡིས་ཞིང་བཟོ་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་བཤད་རྒྱུར། སྐྱོན་བྲལ་དང་ཡ་རབས་ཚུལ་ལྡན་གྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ་དང་། གཙོ་གནད་མི་ཚོགས་ཀྱི་བདེ་ཐང་འགོག་སྲུང་དྲ་བ་དམ་ཚགས་བཟོས་ཏེ། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། རྒྱུན་ལས་ཨུ་ཡོན་ཀའོ་ཞའོ་མའེ་ཡིས་སློབ་ལོ་རན་པའི་བྱིས་པ་གསོ་སྐྱོང་བྱེད་པར་རྒྱབ་སྐྱོར་དང་འགན་སྲུང་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་ཅན་གྱི་ཞབས་ཞུ་མཁོ་འདོན་རྒྱ་བསྐྱེད་ནས་ཞབས་ཞུའི་སྤུས་ཚད་མཐོར་འདེགས་གཏོང་དགོས་པའི་གྲོས་འཆར་བཏོན། རྒྱུན་ལས་ཨུ་ཡོན་མཱ་ཅུན་ཧྲེང་གིས་མི་གྲངས་བགྲེས་འགྱུར་ལ་ཁ་གཏད་ཧུར་ཐག་འཇལ་དགོས་ཏེ། སྤྱི་པའི་སྒྲིག་བཀོད་རྒས་འགྱུར་དང་གེགས་མེད་སྒྱུར་བཀོད་ལ་ཤུགས་སྣོན་བརྒྱབ་ནས་རྒན་རྒོན་ལ་བྱམས་པའི་སྤྱི་ཚོགས་མཉམ་སྐྲུན་བྱེད་དགོས་པའི་གྲོས་འཆར་བཏོན། ཚའེ་ཞིག་ཅོན་གྱིས་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་དོ་སྙོམས་ཅན་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས་སྤུས་ལེགས་སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་དེ་གྲོང་གསེབ་དང་གཞི་རིམ་ལ་ཕྱོགས་པར་སྐུལ་འདེད་གཏོང་དགོས་པའི་གྲོས་འཆར་བཏོན། རྒྱུན་ཨུའི་མཐུས་ཚབ་ཞི་ནན་ཧྭ་ཡིས་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་ཚབ་ཞུས་ནས་གཏམ་བཤད་དང་གྲོས་འཆར་བཏོན་དོན། མི་འབོར་གྱི་འགྱུར་ལྡོག་དང་འཚམ་པའི་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་འཐུས་ཚང་དུ་གཏོང་བ་དང་། སློབ་གསོའི་ཐོན་ཁུངས་ཁུལ་ཁོངས་དང་གྲུབ་ཚུལ་བཀོད་སྒྲིག་གཅིག་གྱུར་གྱིས་འཆར་འགོད་དང་ལེགས་སྒྱུར་བྱ་དགོས་ལ། མི་དམངས་ཡིད་ཚིམ་པའི་སློབ་གསོ་ལེགས་པར་གཉེར་དགོས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དབྱང་ཀྲེན་གྱིས་ཚོགས་འདུར་འགོ་འཛིན་མཛད།

 
 
 
རྩོམ་སྒྲིག་པ། : ཨ་གཡང་སྐྱིད།