འདམ་རུད་གནོད་འཚེ་ཡིས་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་སྐྱིད་གྲོང་འགག་སྒོར་མི་སྣ་ཤི་རྨས་ཚབས་ཆེན་ཐེབས་པ་དང་འབྲེལ་ཆད་བྱུང་བས་ཕྱོགས་སོ་སོས་མགྱོགས་མྱུར་ངང་ཉེན་སེལ་རོགས་སྐྱོབ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ8པའི་ཚེས26ཉིན་གྱི་ཆུ་ཚོད10དང་སྐར་མ30ཡས་མས་ལ། ནེ་པ་ལའི་བྱང་རྒྱུད་ཀྱི་རེ་སོ་ཝ་ས་ཁུལ་དུ་གཞི་ཁྱོན་ཆེ་བའི་འདུམ་རུད་ཀྱི་གནོད་འཚེ་བྱུང་སྟེ། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་སྐྱིད་གྲོང་འགག་སྒོར་མི་སྣ་ཤི་རྨས་དང་འབྲེལ་ཆད་བྱུང་། གནོད་འཚེ་ཡིས་སྐྱིད་གྲོང་རྫོང་སྐྱིད་གྲོང་འགག་སྒོའི་ཕྱོགས་ཀྱི་འགྲོ་ལམ་བཅད་པ་དང་། མི་མེད་གནམ་གྲུའི་ལྟ་ཞིབ་བྱས་པ་བརྒྱུད། སྐྱིད་གྲོང་འགག་སྒོའི་འཛུགས་སྐྲུན་ཁག་ཅིག་ས་འོག་ཏུ་མནན། མིག་སྔར་དྲག་ཆས་ཉེན་རྟོག་གཞིས་ཀ་རྩེ་ཡན་ལག་རུ་ཁག་ཡུལ་དངོས་སུ་ཐག་གཅོད་བྱེད་པར་བསྐྱོད་བཞིན་ཡོད།

གནོད་འཚེ་བྱུང་རྗེས། འཕྲལ་བསྟུན་དོ་དམ་པུའུ་ཡིས་གཅིག་གྱུར་གྱིས་བཀོད་གཏོང་བྱས་ཏེ། ཀྲུང་གོ་ཨན་ནིན་སྡེ་ཚོགས་ཀྱིས་མགྱོགས་མྱུར་ངང་འཕྲལ་བསྟུན་དང་ལེན་རྐྱེན་སྲོལ་བཙུགས་ནས་འཕྲལ་བསྟུན་རོགས་སྐྱོབ་སྟོབས་ཤུགས་གཅིག་གྱུར་བཀོད་སྒྲིག་བྱས་པ་དང་། པེ་ཅིན་དང་། ལྷ་ས། ཁྲེང་ཏུའུ། ཁྲུང་ཆིན་སོགས་ནས་ས་གཤིས་དང་། བཟོ་སྐྲུན། རོགས་སྐྱོབ་སོགས་ཀྱི་ལག་རྩལ་ཆེད་མཁས་པ་དང་ཉེན་འགོག་རྐང་འཛིན་པ་ཁུ་བསྡུ་བྱས་ཏེ། ནུས་མང་དཔྱད་འཇལ་མི་མེད་གནམ་གྲུ་དང་། རྩ་གསུམ་སྐུལ་འོད་བཤེར་འབེབས་ཆས། ཚེ་སྲོག་འཚོལ་ཞིབ་ཆས་དང་། བཟོ་སྐྲུན་ཉེན་སེལ་སྒྲིག་ཆས་ཆེ་གྲས་བཅས་ཁྱེར་ནས། གནོད་ཐེབས་ས་ཁུལ་དུ་བསྐྱོད་དེ་ཉེན་སེལ་རོགས་སྐྱོབ་ཀྱི་བྱ་བ་སྒྲུབ།

བོད་ལྗོངས་ཀྱིས་སྟོབས་ཤུགས་རྩ་འཛུགས་བྱས་ནས་ཡུལ་དངོས་ཀྱི་འབྲེལ་ཆད་མི་སྣ་འཚོལ་སྐྱོབ་བྱ་བ་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབས་པ་དང་། གནོད་ཐེབས་མང་ཚོགས་དུས་ཐོག་ཏུ་གནས་སྤོ་དང་བཀོད་སྒྲིག་འོས་འཚམ་བྱས་ཏེ། གཏོར་སྐྱོན་ཐེབས་པའི་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་ངང་ཞིག་གསོ་བྱ་རྒྱུར་དམ་འཛིན་བྱས།

བོད་ལྗོངས་དམག་ཁུལ་གཞིས་ཀ་རྩེ་ཡན་ལག་དམག་ཁུལ་གྱི་པུའུ་ག་གེ་མོ་ཞིག་གིས་འཕྲལ་བསྟུན་རོགས་སྐྱོབ་དམག་མི་གཅིག་རྗེས་གཉིས་མཐུད་ངང་མངགས་ནས་ཡུལ་དངོས་སུ་བསྐྱོད་པ་དང་། པུའུ་དེའི་སྐས་རིམ་རུ་ཁག་གཉིས་པའི་རོགས་སྐྱོབ་དམག་ཤུགས་དང་བཟོ་སྐྲུན་འཕྲུལ་ཆས་སྒྲིག་ཆས་ཀྱིས་གྲ་སྒྲིག་ལེགས་པོ་བྱས།

རྒྱལ་ཁབ་གནོད་འགོག་གནོད་སེལ་ཨུ་ཡོན་ལྷན་ཁང་གི་གཞུང་སྒྲུབ་ཁང་དང་འཕྲལ་བསྟུན་དོ་དམ་པུའུ་ཡིས་རྒྱལ་ཁབ་འབྲུ་རིགས་དང་དངོས་རྫས་གསོག་འཇོག་ཅུས་དང་མཉམ་དུ་ཀྲུང་དབྱང་གི་མྱུར་སྐྱོབ་དངོས་རྫས་གཏོང་ལེན་བྱས་ཏེ། མང་ཚོགས་གནས་སྤོ་བཀོད་སྒྲིག་དང་གེགས་སེལ་རོགས་སྐྱོབ་བྱ་བ་ལེགས་པར་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས།

ནོར་སྲིད་པུའུ་དང་འཕྲལ་བསྟུན་དོ་དམ་པུའུ་ཡིས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་མྱུར་སྐྱོབ་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་སྔོན་གཏོང་བྱས་ཏེ། བོད་ལྗོངས་ཀྱིས་སྐྱིད་གྲོང་འདམ་རུད་འཕྲལ་བསྟུན་ཉེན་སེལ་མྱུར་སྐྱོབ་དང་གནོད་ཐེབས་མང་ཚོགས་ལ་རོགས་སྐྱོབ་བྱེད་པའི་བྱ་བ་སྤེལ་རྒྱུར་རྒྱབ་སྐྱོར་བྱས། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།