ཟླ8ཚེས25ཉིན་མི་དམངས་དྲ་བས་སྤེལ་བའི་འཕྲིན། གསར་འགོད་པས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་རུ་རྒྱུས་ལོན་པ་ལྟར་ན། ཟླ8པའི་ཚེས22ཉིན་བར་མཚོ་སྔོན་ཁམས་ར་མཛེས་ལྗོངས་ཁུལ་གྱིས2026ལོར་ཡུལ་སྐོར་བ་མི་ཐེངས་ཁྲི20ལས་བརྒལ་སྣེ་ལེན་བྱས་ཡོད་པ་རེད། དཔྱིད་ཟླ་གསུམ་ལ་རྩྭ་རྩི་ཏོག་གི་འདབ་ལོ་རྒྱས་པ་ནས་སྟོན་གྱི་མཛེས་པས་ལྗོངས་རྒྱུ་བ་འབོར་ཆེན་བསུས་པའི་བར་དུ། ཁམས་ར་མཛེས་ལྗོངས་ཁུལ་གྱིས་སྒྲིག་བཀོད་གསར་རྐྱང་དང་། ཞབས་ཞུ་སྤུས་ལེགས། ལས་རིགས་རྣམ་པ་སྣ་མང་། སེམས་དྲོ་ལུས་སྐྱིད་ཀྱི་ཕན་བདེ་བཅས་ལ་བརྟེན་ནས་འཛམ་གླིང་རིམ་པའི་ཏན་ཞ་རྨ་ཆུ་ཡི་མཛེས་ལྗོངས་ལྟ་ན་སྡུག་པ་དེ་ཕྱོགས་བཅུའི་མགྲོན་པོའི་ཡིད་དབང་འཕྲོག་ཅིང་། ཀུན་གྱིས་དགའ་བསུ་ཐོབ་པའི་མཚོ་སྔོན་གྱི་གནས་རྟགས་གསར་པར་གྱུར་ཡོད།

ད་ལོ་ནས་བཟུང་། ཁམས་ར་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་གྱི་གོ་རིམ་ཞིབ་ཕྲ་དང་མཁྲེགས་ཆས་ལེ་ལག་རིམ་སྤར་བྱས་ཏེ། དེ་སྔའི་ཡུལ་སྐོར་གྱི་དཀའ་གནད་ལ་དམིགས་ཏེ་མཛེས་ལྗོངས་ཁུལ་གྱི་ལེགས་གྲུབ་ཁྱབ་ཁོངས་ཡོངས་ཀྱི་ཡུལ་སྐོར་ལམ་ཐིག་ཇེ་ལེགས་སུ་བཏང་བ་དང་། སྨི80ཅན་གྱི་རྨ་ཆུར་ལྟ་སྐོར་བྱེད་ས་སྐས་ལམ་བཙུགས་ནས་དེ་སྔའི་གྲུ་གཟིངས་ལ་བསྡད་ནས་ཡུལ་ལྗོངས་ལ་ལྟ་བར་གཡང་གཟར་ཆེ་ཞིང་འགྲོ་སྐྱོད་བྱེད་དཀའ་བའི་གནད་དོན་རྦད་དེ་ཐག་གཅོད་བྱས་ཡོད་པ་རེད། དེ་དང་ཆབས་ཅིག་མཛེས་ལྗོངས་ཁུལ་གྱིས་ལྟ་སྐོར་རླངས་འཁོར་དང་གྲུ་གཟིངས་ཀྱི་བདེ་འཇགས་ཞིབ་བཤེར་དང་། ཁྱབ་ཁོངས་ཡོངས་ཀྱི་ཁོར་ཡུག་གཙང་སྦྲ་ཞིབ་ཚགས་ཅན་བཅོས་སྒྲིག་བཅས་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས་ཏེ་བདེ་སྲུང་སྐོར་ཞིབ་དང་། ཁོར་ཡུག་གཙང་སྦྲ་དང་དུག་སེལ། སྒྲིག་ཆས་སྐྱེལ་འདྲེན་སྲུང་སྐྱོང་སོགས་རྒྱུན་རྣམ་ཅན་གྱི་ལས་དོན་ཞིབ་ཚགས་སུ་བཏང་ནས་ཚད་གཞི་མཐོ་བའི་བདེ་འཇགས་འགན་ལེན་དང་མཛེས་སྡུག་ལྡན་པའི་ཡུལ་སྐོར་ཁོར་ཡུག་ལ་བརྟེན་ནས་ཡུལ་སྐོར་བ་རེ་རེ་ཡི་འགྲུལ་བཞུད་སྲུང་སྐྱོབ་བྱས།
ཁམས་ར་མཛེས་ལྗོངས་ཁུལ་གྱིས་ཁྱད་ལྡན་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་ལ་གཞི་བཙུགས་ནས་ཁྱད་པར་ཅན་གྱི་ཡུལ་སྐོར་མ་ལག་ཞིབ་ཚགས་བཟོས་ཏེ་སྣ་མང་ཡུལ་སྐོར་གྱི་རྣམ་པ་གསར་པ་གཏོད། ཐུན་མོང་མ་ཡིན་པའི་ཏན་ཞ་ས་བྱད་དང་། རྨ་ཀླུང་སྔོན་མོ། ས་མཐོའི་སྐྱེ་ཁམས་ཐོན་ཁུངས་བཅས་ལ་བརྟེན་ནས་རྨ་ཆུ་དང་ཏན་ཞ། ལྷ་མཚོར་ཡུལ་སྐོར་དང་། ནགས་ཚལ་དང་ཁྲུས་རྫིང་ལ་རྐང་ཐང་དུ་ཡུལ་སྐོར་བྱེད་པ། སྤྲིན་དཀར་མགུལ་དུ་ལྷུང་བའི་གནས་རི་སོགས་ཡུལ་སྐོར་ལམ་ཐིག་རྩེ་གྲ་གསར་རྐྱང་གསུམ་བཏོད་དེ་མ་བུ་ཡུལ་སྐོར་དུ་འགྲོ་བ་དང་། སྒེར་འཁོར་བཏང་ནས་འགྲུལ་སྐྱོད་བྱེད་པ། རྐང་ཐང་དུ་ཡུལ་སྐོར་བྱེད་པ། པར་ལེན་འགྲོ་བ། ཞིབ་འཇུག་དང་སློབ་སྦྱོང་། ཚན་རིག་ཁྱབ་གདལ་སོགས་ཡུལ་སྐོར་བྱེད་སྟངས་སྣ་མང་གི་དགོས་མཁོ་དང་འཚམ་པ་བཟོས། དབྱིངས་ཞུགས་རྣམ་པའི་སྐྱེ་ཁམས་ཉམས་ལེན་རྣམ་གྲངས་བཏོན་པ་སྟེ། སྤྱི་ཕན་སྡོང་འཛུགས་དང་། གད་སྙིགས་ཚུར་བསྡུ། རང་བྱུང་ཚན་རིག་ཁྱབ་གདལ་བཅས་བྱས་ནས་ཡུལ་སྐོར་བ་དབྱིངས་ཞུགས་རྣམ་པ་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཁྲོད་སྤྱད་ནས་མཛེས་ལྗོངས་ལྟ་སྐོར་དང་སྐྱེ་ཁམས་ཚན་རིག་ཁྱབ་གདལ་ཕྱོགས་གཉིས་ལ་ཕན་པ་མངོན་འགྱུར་བྱས་པས། རི་ཆུའི་ཡུལ་སྐོར་ལ་སྔར་བས་དྲོད་ཁོལ་གྱིས་བརྟས་ཤིང་དོན་སྙིང་གིས་ཁེངས་པ་ཞིག་ཏུ་གྱུར་ཡོད། མཛེས་ལྗོངས་ཁུལ་གྱིས་ད་དུང“མེ་ལོང་ནང་གི་ཁམས་ར”ཞེས་པའི་པར་ལེན་འགྲན་བསྡུར་ཆེ་མོ་དང་། འོས་སྦྱོར་དཔོན་བསྡུ་སྐོང་། ཐབས་འདོན་ཇུས་འདོན། ཤེལ་དམ་ཆུ་ལ་བརྗེ་བ། ཐ་མག་ཆུ་ལ་བརྗེ་བ་སོགས་ཀྱི་ཁྱད་ལྡན་བྱེད་སྒོ་སྤེལ་ཏེ། རང་བྱུང་མཛེས་ལྗོངས་དང་ས་གནས་དེ་གའི་སྤྱི་ཚོགས་ཀྱི་རིག་གནས་གཉིས་མཉམ་བསྲེས་བྱས་ནས་རིག་གནས་ཡུལ་སྐོར་འཛད་སྤྱོད་གྱི་ལས་རིགས་རྣམ་པ་ཕུན་སུམ་ཚོགས་སུ་བཏང་བས། ཡུལ་སྐོར་ནི་ཡུལ་སྐོར་ཁོ་ན་ཙམ་དུ་མ་སྲིད་པའི་ནང་དོན་མང་པོ་ཞིག་ལ་རོལ་མྱོང་བྱེད་ཐུབ་པར་བྱས།

གཞན་ཡང་ད་ལོ་ནས་བཟུང་ཁམས་ར་མཛེས་ལྗོངས་ཁུལ་གྱིས་དྲོ་སྐྱིད་ཕན་བདེ་ཕྱོགས་ལ་མུ་མཐུད་དུ་ཤུགས་སྣོན་བརྒྱབ་སྟེ་ཀུན་ཕན་རང་བཞིན་གྱི་རིག་གནས་ཡུལ་སྐོར་སྲིད་ཇུས་རབ་དང་རིམ་པ་བཏོན་སྟེ། དམངས་ཡོངས་ཡུལ་སྐོར་དུ་བསྐྱོད་པའི་ཐེམ་པ་དམའ་རུ་བཏང་བ་དང་། རྒྱལ་ཡོངས་ཀྱི་སློབ་འབྲིང་མཐོ་རྒྱུགས་ཀྱི་རྒྱུགས་སྤྲོད་སློབ་མ་དང་མཐོ་སློབ་ཀྱི་མཐར་ཕྱིན་སློབ་མར་སྤ་སེ་མི་དགོས་པར་དབྱར་ཁའི་གུང་གསེང་དམིགས་པའི་ཆེད་དོན་གཟིགས་སྐྱོང་བྱེད་ཐབས་ལག་བསྟར་བྱས་པ་མ་ཟད། ཁམས་ར་དང་ཚྭ་ཁ་ཚྭ་མཚོ་མཛེས་ལྗོངས་ཁུལ་གཉིས་ཀྱི་མཉམ་འགུལ་སྤ་སེ་བཏོན་ནས་རིན་གོང་གཅིག་གི་ཐོག་ནས་མཚོ་སྔོན་གྱི་ལྟེ་བའི་མཛེས་ལྗོངས་ཁུལ་ཆེན་པོ་གཉིས་ལ་ཡུལ་སྐོར་བྱེད་ཐུབ་པ་བཟོས་པས། ཡུལ་སྐོར་མྱོང་རོལ་གྱི་གོང་ཐང་བསྡུར་ཚད་ཆེ་ཕྱིན་ཡོད་པ་རེད། མཛེས་ལྗོངས་ཁུལ་གྱི་མཉམ་འགུལ་འགྲིམ་འགྲུལ་སྡེ་ཚན་གྱིས་ཟི་ལིང་ནས་ཁམས་རའི་བར་གྱི་ཡུལ་སྐོར་ཤར་བགྲོད་ལ་འབྲེལ་ཏེ། ཡུལ་སྐོར་བ་ཕྱིར་སྐྱོད་བྱེད་པའི“མཐའ་མའི་སྤྱི་ལེ་གཅིག”ཤར་གཏོང་བྱས་པས། སྒེར་འཁོར་གྱི་ཕར་འགྲོ་ཚུར་འོང་མང་བ་དང་རླངས་འཁོར་བརྗེ་གསོར་རྙོག་འཛིང་ཆེ་བའི་སྣང་ཚུལ་གཞི་ནས་སེལ་ཏེ། མང་ཚོགས་ཡུལ་སྐོར་དུ་སྐྱོད་པར་དེ་བས་སྟབས་བདེར་བཏང་ཡོད།