ཁམས་རའི་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་བ་མི་ཐེངས་འབུམ་གཉིས་ལས་བརྒལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཆེས་གསར་བའི་གཞི་གྲངས་ལས་མངོན་པ་ལྟར་ན། ཟླ8པའི་ཚེས22ཉིན་བར། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ཁམས་རའི་མཛེས་ལྗོངས་ཁུལ་གྱི་2026ལོའི་ཡུལ་སྐོར་བ་སྣེ་ལེན་བྱས་ཚད་མི་ཐེངས་འབུམ་གཉིས་ལས་བརྒལ་ཡོད། མངོན་པར་གསལ་བའི་གཞི་གྲངས་ནི་ཡུལ་སྐོར་བས་ལྐོག་གྱུར་གྱི་རྨ་ཆུ་དང་མཚམས་སྤྲིན་ས་བབ་ཀྱི་གནས་མཆོག་ལ་ཚད་མཐོའི་ཁས་ལེན་བྱས་པ་ཞིག་ཡིན་ལ། རྨ་ལྷོ་ཁུལ་གྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་དང་སྤུས་ཚད་ཞབས་ཞུ། ལས་རྣམ་གསར་གཏོད་བྱས་པའི་གྲུབ་འབྲས་ཀྱི་ཁས་ལེན་ཞིག་ཀྱང་རེད།

ད་ལོ་ནས་བཟུང་། ཁམས་རའི་མཛེས་ལྗོངས་ཁུལ་གྱིས“དྭངས་གཙང་རྨ་ཆུའི”སྤུས་ལེགས་རི་ཆུའི་སྐྱེ་ཁམས་ཐོན་ཁུངས་ལ་གཞི་ཚུགས་ནས། ཡུལ་སྐོར་བའི་ལྟེ་བའི་མྱོང་ཚོར་ལ་དམིགས་ཏེ། ཡུལ་སྐོར་གྱི་ཞན་ཆ་ཕྱོགས་ཡོངས་ནས་གསབ་པ་དང་ཆ་ཚང་སྒྲིག་བཀོད་རིམ་སྤོར་བྱས། དེ་སྔའི་སྤྲོ་གསེང་ལྟ་སྐོར་གྱི་མི་འདང་སར་དམིགས་ནས། མཛེས་ལྗོངས་ཁུལ་གྱིས་ས་ཁོངས་ཡོངས་ཀྱི་སྤྲོ་གསེང་ལྟ་སྐོར་གྱི་ལམ་ཐིག་ཇེ་ལེགས་སུ་བཏང་བ་དང་། སྨི80ཡི་རྨ་ཆུའི་ལྟ་སྐོར་གློག་སྐས་ལས་འགྲུབ་བྱུང་བས། སྐས་རིམ་གཡང་གཟར་དང་ལྟ་སྐོར་དཀའ་ལས་ཆེ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་པ་དང་། ཡུལ་སྐོར་བས་བག་ཕེབས་ངང་མཚམས་སྤྲིན་ས་བབ་ཀྱི་རྨ་ཆུའི་ཡུལ་ལྗོངས་ཡོངས་ལ་ལྟ་སྐོར་བྱེད་ཐུབ་པ་མངོན་འགྱུར་བྱས། དེ་དང་ཆབས་ཅིག མཛེས་ལྗོངས་ཁུལ་རྒྱུན་རྣམ་ཅན་དུ་འགྱུར་བའི་སྒོ་ནས་སྒྲིག་ཆས་སྐྱེལ་འདྲེན་དང་བདེ་སྲུང་སྐོར་ཞིབ། ཁོར་ཡུག་བཅོས་སྐྱོང་དང་དུག་སེལ་བཅས་ཀྱི་བྱ་བ་སྤེལ་བ་དང་། ཞིབ་ཕྲ་ཅན་གྱི་དོ་དམ་ལ་བརྟེན་ནས་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་པོ་འཛུགས་པ་དང་། སྤྲོ་གསེང་ལྟ་སྐོར་ཁོར་ཡུག་མཛེས་བཟོ་བྱས་ཏེ། ཡུལ་སྐོར་བ་ཕྱིར་སྐྱོད་བདེ་ཚད་ཆེས་ཆེར་མཐོ་རུ་བཏང་།

ཐུན་མོང་མ་ཡིན་པའི་མཚམས་སྤྲིན་ས་བབ་ཆགས་ཚུལ་དང་རྨ་ཆུའི་དྭངས་ཤིང་གཙང་བའི་ཆུ་བོའི་ཐོན་ཁུངས་ལ་བརྟེན་ནས། མཛེས་ལྗོངས་ཁུལ་གྱིས་རིག་གནས་ཡུལ་སྐོར་གྱི་ཐོན་རྫས་མ་ལག་རྒྱུན་མཐུད་ངང་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་།  རྨ་ཆུའི་མཚམས་སྤྲིན་ས་བབ་ཀྱི་གནས་མཆོག་ཡུལ་སྐོར་དང་། ནགས་ཚལ་ལྷ་མཚོའི་རྐང་ཐང་ཡུལ་སྐོར། སྤྲིན་སྣེའི་རི་བོའི་ཡུལ་ལྗོངས་ཡོངས་ཀྱི་ཡུལ་སྐོར་བཅས་སྤུས་ལེགས་ལམ་ཐིག་གསུམ་བསྐྲུན་ཏེ། ཕྱོགས་ཡོངས་ནས་གཉེན་ཉེ་ཡུལ་སྐོར་དུ་འགྲོ་བ་དང་། རང་གིས་རླངས་འཁོར་བསྐོར་ནས་ཡུལ་སྐོར་དུ་འགྲོ་བ། ཞིབ་འཇུག་སློབ་སྦྱོང་དང་ཚན་རིག་ཁྱབ་གདལ་སོགས་སྣ་མང་གི་དགོས་མཁོ་དང་འཚམ་པར་བྱས། དེ་དང་ཆབས་ཅིག སྤྱི་ཕན་སྡོང་འཛུགས་དང་རང་བྱུང་ཚན་རྩལ་ཁྱབ་གདལ་སོགས་དབྱིངས་ཞུགས་རྣམ་པའི་སྐྱེ་ཁམས་ཉམས་ལེན་རྣམ་གྲངས་གསར་གཏོད་བྱས་ནས་བཏོན་པ་དང་། རྒྱུན་རྣམ་ཅན་གྱི་པར་ལེན་འགྲན་བསྡུར་ཆེན་མོ་དང་ཤེལ་དམ་ཆུ་ལ་བརྗེ་བ་སོགས་ཀྱི་ཁྱད་ལྡན་བྱེད་སྒོ་སྤེལ་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་མི་གཞུང་ཉམས་ལེན། ཡུལ་སྐོར་ལྟ་སྐོར་བཅས་མཉམ་འདྲེས་གཏིང་ཟབ་བྱས་ནས། རི་ཆུའི་ཡུལ་སྐོར་ལ་ལྟད་མོའི་རང་བཞིན་དང་སློབ་གསོའི་རང་བཞིན་གཉིས་ཀ་ལྡན་པར་བྱས།

དམངས་ཕན་ནུས་སྩོལ་གྱིས་རིག་གནས་ཡུལ་སྐོར་ཁྲོམ་རར་སྐུལ་སློང་བྱས་པ་དང་། ད་ལོ་ཁམས་རའི་མཛེས་ལྗོངས་ཁུལ་གྱིས་རིག་གནས་ཡུལ་སྐོར་གྱི་ཁེ་སྤོགས་རྒྱུན་མཐུད་ངང་ཕྱིར་གཏོང་བྱས་ནས། དམའ་འབྲིང་དང་མཐོ་འབྲིང་གི་མཐར་ཕྱིན་སློབ་མར་སྤ་སེ་མི་དགོས་པ་དང་། ཁམས་ར་དང་ཚྭ་ཁའི་ཚྭ་མཚོ་གཉིས་ཀྱི་མཛེས་ལྗོངས་ཁུལ་གྱི་མཉམ་འབྲེལ་སྤ་སེ་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་བཏོན་ནས་མང་ཚོགས་ཡུལ་སྐོར་དུ་འགྲོ་བའི་སྒོ་ཐེམ་ཇེ་དམའ་རུ་བཏང་། དེ་ལས་གཞན། མཛེས་ལྗོངས་ཁུལ་གྱིས་ཟི་ལིང་ནས་ཁམས་རའི་མཛེས་ལྗོངས་ཐད་གཏོང་རླངས་འཁོར་ཤར་གཏོང་བྱས། དྲ་ཐོག་གི་བརྗོད་གཞིའི་འགྲན་སློང་འགྲན་བསྡུར་དང་མཛངས་མི་འཚོལ་བསྡུ་དང་འདྲེན་གཏོང་སོགས་སྣ་མང་དྲིལ་བསྒྲགས་བྱེད་སྟངས་བརྒྱུད་དེ། “དྭངས་གཙང་རྨ་ཆུའི”རིག་གནས་ཡུལ་སྐོར་ཟོང་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་བ་དང་དྲ་བ་ཡོངས་སུ་བསྔགས་བརྗོད་བྱེད་ཀྱིན་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།