མཚོ་སྔོན་གྱིས་མཐའ་འཁོབ་རོང་འབྲོག་ས་ཁུལ་གྱི་རྨང་གཞིའི་འགྲིམ་འགྲུལ་སྒྲིག་ཆས་ཀྱི་ཞན་ཆ་ཁ་གསབ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ8པའི་ཚེས21ཉིན། གསར་འགོད་པས2026ལོའི་མཚོ་སྔོན་ཞིང་ཆེན“བཟང་ཅན་བཞི་ཡི་གྲོང་གསེབ་ལམ”གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཡུལ་དངོས་ཚོགས་ར་ནས་རྒྱུས་ལོན་པ་ལྟར་ན། ད་ལོར་རང་ཞིང་གིས་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱི་སྤྱི་ཕན་རང་བཞིན་དང་མཐའ་སྐྱོང་རང་བཞིན། རྨང་གཞིའི་རང་བཞིན་བཅས་ཀྱི་རྨང་གཞིའི་འགྲིམ་འགྲུལ་སྒྲིག་ཆས་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་ཤུགས་སྣོན་བྱས་ཏེ། ནུས་ཤུགས་ཡོད་རྒུས་རོང་འབྲོག་ས་ཁུལ་གྱི་ལམ་གྱི་གནས་ཚུལ་མཐོར་འདེགས་བཏང་བས། “བཟང་ཅན་བཞི་ཡི་གྲོང་གསེབ་ལམ”གྱི་སྤྱི་ཡོངས་ལས་དོན་ལ་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་མངོན། དེའི་ཁྲོད། ཡུས་ཧྲུའུ་དང་མགོ་ལོག མཚོ་ལྷོ། རྨ་ལྷོ་བཅས་ཁུལ་བཞི་ཡི་རྣམ་གྲངས་ཀྱི་དངུལ་གཏོང་ཟིན་ཚད་བརྒྱ་ཆའི65ཉེ་བ་ཙམ་ཡོད་ལ། ས་ཁུལ་གྱི་ཆ་སྙོམས་འཕེལ་རྒྱས་ལེགས་པོར་སྒྲུབ་སྟེ། མཐའ་འཁོབ་རོང་འབྲོག་ས་ཁུལ་གྱི་རྨང་གཞིའི་འགྲིམ་འགྲུལ་སྒྲིག་ཆས་ཀྱི་ཞན་ཆ་ཁ་གསབ་བྱེད་པར་དམ་པོར་དམིགས་ཡོད། མིག་སྔའི་བར་དུ། རིམ་རྩིས་བྱས་ན་ཡང་བསྐྱར་ལས་མགོ་བརྩམས་པའི་རྣམ་གྲངས1065ཡོད་ལ། འཛུགས་གྲུབ་བྱས་པའི་རྣམ་གྲངས179དང་། མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བརྒྱད་བྱེ་བ་གསུམ་དངུལ་གཏོང་ལེགས་འགྲུབ་བྱས་ཏེ། ས་ཁུལ་མང་ཤོས་ལ་དུས་རིམ་རང་བཞིན་གྱི་བྱ་བའི་གྲུབ་འབྲས་བླངས་ཡོད།

ད་ལོར། ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཁོངས་གཏོགས་ཀྱིས་རྣམ་གྲངས་འཛུགས་སྐྲུན་བྱེད་པ་དམ་འཛིན་བྱས་ཏེ། ནུས་ཤུགས་ཡོད་རྒུས་རྨང་གཞི་བརྟན་པོ་འདིང་བ་དང་། ཞན་ཆ་ཁ་གསབ་བྱེད་པའི་བྱ་བ་ལེགས་པོར་སྒྲུབ་དགོས། ལོ་ཧྲིལ་བོའི་ནང་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ལ་མ་དངུལ་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་ལྔ་གཏོང་བའི་འཆར་གཞི་བཀོད་དེ། གསར་བསྐྲུན་དང་འཕྲོ་སྐྱོང་རྣམ་གྲངས1403ལག་བསྟར་བྱས་ནས། དངུལ་གཏོང་གཞི་ཁྱོན་དང་རྣམ་གྲངས་ཀྱི་གྲངས་འབོར་ཕྱོགས་གཉིས་ཀ་འཕེལ་རྒྱས་བཏང་། ཆེད་ལས་ལག་རྩལ་མི་སྣའི་སྟོབས་ཤུགས་རྩ་འཛུགས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ཅུང་ཞན་པའི་གྲོང་གསེབ་ལམ་ལ་ལེབ་བཤེར་བྱས་ནས། ཆེད་དོན་ལེགས་བཅོས་ཇུས་གཞི་བཟོས་ཏེ། ཁྱོན་ཡོངས་ནས་ལམ་གྱི་གནས་ཚུལ་རིམ་འཕར་སྤུས་འདེགས་བྱས།

དེ་མིན་ད་དུང་། སྔར་ལས་ལྷག་པའི་སྒོ་ནས་གྲོང་གསེབ་གཞུང་ལམ་གྱི་དོ་དམ་ལམ་ལུགས་ཀྱི་ཕྱོགས་འཐུས་ཚང་དུ་གཏོང་བ་དང་། མཚོ་སྔོན་གྱིས་རྒྱུན་མཐུད་ངང་ལས་རིགས་དོ་དམ་ལམ་ལུགས་ཅན་དང་ཚད་ལྡན་ཅན། ཡུན་ཕན་ཅན་བཅས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། “གྲོང་གསེབ་གཞུང་ལམ་གྱི་སྤུས་ལེགས་ཚད་དང་། བཟོ་སྐྲུན་གྱི་ཐེངས་གཅིག་གིས་རྩིས་སྤྲོད་ཚད་ལོངས་ཚད”ཀྱི་དམིགས་ཚད་གཉིས་གྲོང་ཁྱེར་དང་ཁུལ་གྱི་ཏང་སྲིད་གཞུང་འགོ་ཁྲིད་ཚན་ཁག་གི་ལོ་འཁོར་དཔྱད་ཞིབ་ཁྲོད་འཇུག་པ་དང་། གྲོང་གསེབ་གཞུང་ལམ་གྱི་གཙོ་གནད་བྱ་བ་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་དར་སྤེལ་ཐབས་ཇུས་ཀྱི་གྲུབ་འབྲས་དཔྱད་ཞིབ་ཁྲོད་འཇུག་པར་སྐུལ་འདེད་གཏོང་བ། ནུས་ཤུགས་ཡོད་རྒུས་གྲོང་གསེབ་གཞུང་ལམ་གྱི“1+9”ཡི་ལམ་ལུགས་སྒྲོམ་གཞི་བཙུགས་ནས། 《མཚོ་སྔོན་ཞིང་ཆེན་གྲོང་གསེབ་གཞུང་ལམ་གྱི་ལམ་སྲོལ》ད་ལོར་ཁྱབ་བསྒྲགས་ལག་བསྟར་ཐུབ་པར་བརྩོན་ལེན་བྱེད་པ། དེ་དང་མཉམ་དུ། གྲོང་ཁྱེར་དང་ཁུལ་སོ་སོའི་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་གྲོང་གསེབ་གཞུང་ལམ་ཆུ་འགྲམ་དང་གཡང་གཟར་སོགས་སུ་ཡོད་པའི་ཉེན་ཁ་ཅན་གྱི་ལམ་དུམ་ལ། ཁྱོན་ཡོངས་ནས་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བྱེད་པའི་བྱ་བ་སྤེལ་ཏེ། དོན་ཚན་རེ་རེ་དང་ལས་གཞི་རེ་རེ་ལ་ལས་ཐོ་བཟོ་བ་དང་། རིམ་དབྱེ་རིགས་བགར་གྱིས་ཁ་སུམ་ཐག་གཅོད་བྱས་ནས། ལེགས་བཅོས་ཆ་རྐྱེན་དང་མཐུན་པའི་མངོན་མེད་ཉེན་ཁར་འཕྲལ་སྒྲུབ་འཕྲེལ་བཅོས་བྱེད་པ་དང་། དུས་ཚོད་ཐུང་ངུའི་ནང་ཡོངས་སུ་སེལ་མི་ཐུབ་པའི་མངོན་མེད་ཉེན་ཁ་དག་ལོ་རེའི་བདེ་སྲུང་ལས་གཞིའི་སྤྱི་ཁྱབ་བཀོད་འདོམས་ཀྱིས་ལག་བསྟར་བྱེད་པའི་ཁྲོད་བཅུག་སྟེ། མི་དམངས་མང་ཚོགས་ཀྱི་འགྲོ་སྐྱོད་བདེ་འཇགས་ལྕགས་རི་སྲ་བརྟན་དུ་བཏང་། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།