ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་རིག་གནས་ཞབས་ཞུའི་སྟེགས་བུ་སྐལ་བཟང་སྤྲིན་སྟེགས་དངོས་སུ་ཤར་གཏོང་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཟླ8པའི་ཚེས21ཉིན། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་མ་ལག་རང་བཞིན་གྱི་བསྒྱུར་བཅོས་མགོ་ཚུགས་མཛད་སྒོའི་སྟེང་། ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་རིག་གནས་ཞབས་ཞུའི་སྟེགས་བུ་སྐལ་བཟང་སྤྲིན་སྟེགས་ཞེས་པའི་སྤྱོད་སྣེ་དངོས་སུ་དྲ་ཐོག་ཏུ་བཞག་པ་རེད། འཕྲིན་སྟེགས་འདི་ནི་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་གཙོ་གཉེར་དང་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གིས་གཙོ་སྒྲུབ་བྱེད་པ་ཡིན་ལ། ཆ་འཕྲིན་དང་རིག་གནས། བརྙན་ཐུང་། ཞབས་ཞུ། བལྟ་ཀློག་བཅས་གཞི་གཅིག་ཏུ་བསྡུས་ཏེ་འཕྲིན་སྟེགས་ཅན་གྱི་འདུ་ཤེས་ལ་བརྟེན་ནས་བོད་སྐད་ཀྱི་མཉམ་འདྲེས་སྨྱན་སྦྱོར་སྤྱི་སྟེགས་བསྐྲུན་ཡོད་པ་རེད།

སྐལ་བཟང་སྤྲིན་གྱིས་བྱེད་ནུས་དུམ་ལེབ་ཆེ་ཁག་དྲུག་བསྐྲུན་ཡོད་དེ། མདུན་ཤོག་ཏུ་དབང་གྲགས་ལྡན་པའི་ཁུངས་བཙུན་ཆ་འཕྲིན་དང་སྲིད་ཇུས་གནད་ལ་འཁེལ་བའི་སྒོ་ནས་སྤེལ་ཡོད་པར་མ་ཟད་བོད་སྐད་ཀྱི་དཔེ་གཞི་ཆེན་པོའི་ཐོག་ནས་བོད་སྐད་སྒྲོག་སྤེལ་བྱས་ཡོད་ཅིང་། རིག་གནས་དུམ་ལེབ་ཏུ་བསྒྱུར་བསྐྲུན་གྱི་གློག་བརྙན་དང་། མངོན་མིན་རིག་གནས་ཤུལ་བཞག་འགྲེམ་སྟོན། ཐོག་མའི་བོད་སྐད་གླུ་གཞས་ལ་སོགས་མཉམ་དུ་བསྡུས་ཡོད། ཞབས་ཞུའི་དུམ་ལེབ་ཏུ་ཞིང་ཕྱུགས་ཐོན་སྐྱེད་ཕྱིར་འཚོང་དང་། ལས་ཞུགས་གསོ་སྦྱོང་། འདྲི་རྟོག་ལས་སྒྲུབ། སྨན་བསྟེན་བརྟག་བཅོས་སོགས་དམངས་ལ་སྟབས་བདེ་བཟོ་བའི་ཞབས་ཞུའི་རྣམ་གྲངས50ལྷག་སྒྲིག་སྦྱོར་བྱས་ཡོད་པ་དང་། བརྙན་ཐུང་དུམ་ལེབ་ཏུ་སྤྱོད་མཁན་དུད་ཁྱིམ་དག་ལ་རང་ཉིད་ངོམ་སྟོན་གྱི་ཡུར་ལམ་མཁོ་འདོན་བྱས་ཡོད། བལྟ་ཀློག་དུམ་ལེབ་ཏུ་རྒྱ་བོད་ཀྱི་དཔེ་ཆ་སྣ་ཁ་མང་པོ་དང་ཚགས་པར་དུས་དེབ་སོགས་གླ་ཡོན་མི་དགོས་པའི་སློབ་སྦྱོང་བྱ་སའི་ཐོན་ཁུངས་འཛོམས་པོ་མཁོ་འདོན་བྱས་ཡོད། དེ་དང་ཆབས་ཅིག འཕྲིན་སྟེགས་སུ་ལེ་ཚན་དང་བྱེད་ནུས་ལ་སོགས་རྒྱ་བོད་སྐད་གཉིས་ཀྱི་ཟུར་མཆན་མངོན་པར་བྱས་པ་དང་འབྲེལ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་དང་ཡི་གེ་སློབ་སྦྱོང་བྱ་སའི་ཆེད་བསྒྲིགས་ལེ་ཚན་བཙུགས་ནས། སྐད་གཉིས་སྒྲོག་སྤེལ་ལ་བརྟེན་ནས་མི་རིགས་སོ་སོའི་རིག་གནས་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་བ་ཡིན།

སྐལ་བཟང་སྤྲིན་ཞེས་པའི་སྤྱོད་སྣེ་འདི་ཧྭ་ཝའེ་དང་ཀུ་ཤུ་སོགས་གཙོ་རྒྱུག་ཆེ་བའི་ལག་འཁྱེར་ཁ་པར་ཉེར་སྤྱོད་ཚོང་ཁང་དུ་སྒྲོམ་བཤམ་བྱས་ཟིན་པ་དང་། སྤྱོད་མཁན་དུད་ཁྱིམ་གྱིས་ཅི་དགར་འཚོལ་བཤེར་དང་ཕབ་ལེན་སྒྲིག་སྦྱོར་བྱས་ཏེ། སྤུས་ལེགས་སྟབས་བདེའི་ཞབས་ཞུ་ཅི་རིགས་ཉམས་ལེན་བྱེད་ཆོག་པ་རེད། རྗེས་མཐུད་ནས་སྐལ་བཟང་སྤྲིན་གྱིས་ད་དུང་རང་རྒྱལ་ནས་ཐོན་པའི་མ་ལག་དང་འཚམ་པོ་དག་འཕྲོད་སྦྱོར་བྱ་རྒྱུ་མ་ཟད། སྐད་གཉིས་བརྗེ་བསྒྱུར་དང་། ཐད་གཏོང་ཚོང་འཁྱེར། བརྙན་ལམ་རྩོམ་སྒྲིག་སོགས་ཀྱི་བྱེད་ནུས་ཀྱང་ཁར་བསྣན་ནས། བོད་རིགས་མང་ཚོགས་རྣམས་དགའ་པོ་ཡོད་པའི“དྲ་ཐོག་བསམ་པའི་ཁྱིམ་གཞིས”བཏོད་རྒྱུ་རེད། །

ཕབ་ལེན་བཤེར་རིས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།