
ཟླ8པའི་ཚེས19ཉིན་གྱི་དགོང་མོར། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་། ཟི་ལིང་གྲོང་ཁྱེར་མི་དམངས་སྲིད་གཞུང་། མཚོ་ཤར་གྲོང་ཁྱེར་མི་དམངས་སྲིད་གཞུང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་དང་། ཟི་ལིང་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་དང་། མཚོ་ལྷོ་ཁུལ་རིག་གནས་དང་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས། ཀྲུང་གུང་ཁྲི་ཀ་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་ཐུན་མོང་ཐོག་འགན་སྒྲུབ་གནང་བའི“གྲོང་གཞས་སྙན་མོས་ཕ་ཡུལ་མཚོ་སྔོན་བསྟོད”ཅེས་པའི་དམངས་ཡོངས་ཀྱི་རིག་རྩལ་འཁྲབ་སྟོན་གྱི་རྟིང་རྩོད་འགྲན་སྡུར་ཁྲི་ཀ་རྫོང་ནས་སྤེལ། ཞིང་ཆེན་ཡོངས་ཀྱི་འགྲན་སྡུར་ནང་ཞུགས་པའི་ཕུལ་བྱུང་རུ་ཁག18རྨ་ཀླུང་སྔོན་མོའི་འགྲམ་དུ་འཛོམས་ནས། སོ་སོས་མི་རིགས་ཀྱི་ཐུན་མིན་ཁྱད་ཆོས་ལྡན་པའི་སྙན་མོ་ངག་གི་འགྱུར་ཁུགས་ཀྱིས་ཡུལ་དངོས་ལྟད་མོ་པ་དང་དྲ་ལམ་ཐད་གཏོང་གི་གཟིགས་མོ་པ་ཡོངས་ལ་སྐད་དང་ངག་གི་གསོལ་སྟོན་གྱ་ནོམ་པ་བཤམས།

རྒྱུས་ལོན་པ་ལྟར་ན། འགྲན་སྡུར་དེ་ཟླ་དྲུག་པ་ནས་བཟུང་ཐོག་མའི་འགྲན་སྡུར་དང་ཐོག་མའི་གདམས་གསེས། བསྐྱར་འགྲན་བཅས་ཀྱི་རིམ་པ་སོ་སོ་བརྒྱུད་དེ། ཞིང་ཆེན་ཡོངས་ཀྱི་གཞས་པ་གཞས་མ400ལྷག་གི་ཁྲོད་ནས་རུ་ཁག18རྟིང་རྩོད་འགྲན་སྡུར་དུ་ཚུད། བྱེད་སྒོ་དེ་རྨ་ཙོང་རིག་གནས་ཀྱི་ས་རྒྱུ་གཤིན་པོར་རྐང་ཚུགས་ཏེ་རང་ཡུལ་གྱི་གླུ་བ་གླུ་མ་སྐྱེད་སྲིང་བྱ་རྒྱུ་དམིགས་འབེན་གཙོ་བོར་བཟུང་སྟེ། དམངས་གླུ་དང་གསར་རྩོམ་གླུ་གཞས། ཟློས་གར་སོགས་སྲོལ་རྒྱུན་གྱི་གདངས་མ་བོར་བའི་ཁྱད་ཆོས་སྟེང་ནས་ཕ་ཡུལ་མཚོ་སྔོན་གྱི་མི་རིགས་རིག་གནས་ཀྱི་ཐུན་མིན་ཁྱད་ཆོས་དང་གྲོང་གསེབ་དར་སྤེལ་གྱི་གྲུབ་འབྲས་ཡག་པོ་མངོན་པར་མཚོན་ཡོད།
རྟིང་རྩོད་འགྲན་སྡུར་གྱི་དགོང་མོར། ཡུལ་དངོས་སུ་འགྲན་སྡུར་གྱི་ཛ་དྲག་རྣམ་པའི་ཡོངས་སུ་ཁེངས་ཤིང་།རིག་རྩལ་འཁྲབ་སྟོན་ལ་ངོ་མཚར་ཀུན་ནས་ཕྱུག གར་སྟེགས་སྟེང་། མེས་པོའི་མཛའ་གཞས་དང་ལ་གཞས། སོག་གླུ་སོགས་འཕྲོ་རིམ་འཕྲོར་འཁྲབ་སྟོན་བྱས་པས་ཡུལ་དངོས་ཀྱི་ལྟད་མོ་པའི་ཐལ་མོའི་རྡེབ་སྒྲ་དང་ཀི་སྒྲ་ལ་རྒྱུན་ཆད་མེད།
དེ་ཡང་། འགྲན་སྡུར་དེ་དྲང་བཞག་ཡོང་བར་དམིགས་ནས་རོལ་དབྱངས་དང་མི་རིགས་རིག་གནས། གཟུགས་འདས་ཤུལ་བཞག་རིག་གནས་ཁྱབ་ཁོངས་ཀྱི་ཆེད་ལས་མི་སྣ་ཆེད་དུ་གདན་ཞུ་བྱས་ནས་དཔྱད་འདེམས་བྱས་ཤིང་། ཐེངས་འདིའི་བྱེད་སྒོས་ས་གནས་མང་ཚོགས་ལ་རིག་གནས་ཀྱི་གསོལ་སྟོན་རྒྱ་ཆེན་ཤིག་བཤམས་པ་མ་ཟད། མཚོ་སྔོན་གྱི་དམངས་ཁྲོད་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་དང་ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་གྱི་ཐུན་མོང་འདུ་ཤེས་བརྟན་པོར་འཛུགས་པ། རིག་རྩལ་ལ་བརྟེན་ནས་གཞི་རིམ་གྱི་རིག་གནས་གསོན་ཤུགས་བཅས་ལ་སྐུལ་སློང་བྱས་ཏེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་གླུ་སྐད་སྙན་མོ་དར་སྤེལ་དང་མི་རབས་ནས་མི་རབས་དུ་སྐད་གདངས་སྙན་མོ་རྒྱུན་འཛིན་ཐུབ་པའི་ཐད་ནུས་པ་གང་ལེགས་བསྩལ་ལོ།།