གཙང་གསུམ་གྱི་འབྲོག་པ་ཞིག་གིས་འབྲོག་པའི་སྣོད་བཅུད་ལག་ལེན་གྱི་རྒྱུན་བསྐྱངས་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩྭ་ཐང་བྱ་དགའ་ཐོབ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱེ་འགྱུར་སྔོན་འགོག་བྱ་རྒྱུའི་སྐོར་གྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅུ་བདུན་པ་ཕྱི་སོག་རྒྱལ་ཁབ་ཀྱི་རྒྱལ་ས་ཝུའུ་ལན་པ་ཐུའོ་རུ་འཚོགས་པ་རེད། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་འབྲི་སྟོད་རྫོང་ནས་ཡོང་བའི་གཞི་རིམ་འབྲོག་པ་ཧ་ཤུལ་ཀརྨ་ཆོས་མཁས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་གྱི་གར་སྟེགས་ཐོག་ནས་འཛམ་གླིང་ལ་མཚོ་བོད་མཐོ་སྒང་གི་རྩྭ་ཐང་སྲུང་སྐྱོང་དང་འབྲོག་པའི་རིག་གནས་ནམ་ཡང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་གཏམ་རྒྱུད་བརྗོད་དེ་གོ་ལ་ཧྲིལ་པོའི་རྩྭ་ཐང་སྣོད་བཅུད་བཅོས་སྐྱོང་ལ་མདོ་དབུས་མཐོ་སྒང་གི་བློ་གྲོས་ལེགས་སྐྱེས་སུ་ཕུལ་ཡོད་པ་དང་། 2026ལོའི་རྒྱལ་སྤྱིའི་རྩྭ་ཐང་དང་འབྲོག་པའི་ལོ་ཞེས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བརྟན་འབེབ་བྱས་འདུས་པས་ཁོས2026ལོའི་རྩྭ་ཐང་བྱ་དགའ་ཁོང་ལ་ཐོབ་ཡོད་པ་རེད།

ཀརྨ་ཆོས་མཁས་རྩྭ་ཐང་དུ་སྐྱེས་ཤིང་རྩྭ་ཐང་ནས་འཚར་ལོངས་བྱུང་བས། འབྲོག་ནས་སྐྱེས་ཤིང་འབྲོག་ལ་དུང་བའི་གཏམ་རྒྱུད་མང་། ཕ་མེས་ཡང་མེས་ཀྱིས་མི་རབས་ནས་མི་རབས་བར་བརྟན་སྲུང་བྱས་པའི་འབྲོག་པའི་རིག་གནས་རྒྱུན་འཛིན་དང་སྣོད་བཅུད་ལག་ལེན་རྒྱུན་འཁྱོངས་བྱས། ཁོང་ནི་གླིང་སྣེ་འབྲོག་པའི་ཐོས་བསམ་གླིང་གི་གསོལ་གཏོད་པ་པོ་དང་མཐོ་སྒང་སྦྲ་ནག་གི་ཤུལ་བཞག་རིག་གནས་རྒྱུན་འཛིན་པ་ཡིན། ཁོ་རང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་རྗེས་སླར་ཕ་ཡུལ་དུ་ལོག་སྟེ་ཕ་ཡུལ་དུ་གཞི་ཚུགས་ནས་སེམས་ཀྱིས་རི་ཆུ་དང་རྩྭ་ཐང་ལ་གུས་ཤིང་འབྲོག་པའི་རིག་གནས་ཀྱི་རྩ་བ་དང་བླ་སྲོག་ལ་སྲུང་སྐྱོང་བྱས།

ལོ་ངོ་བཅུ་ལྷག་གི་རིང་ལ་ཁོང་གིས་རང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འབྲོག་པའི་རིག་གནས་ཀྱིས་མི་གསོ་སྐྱོང་བྱེད་པའི་ལས་དོན་ལ་འབད་པ་ལྷོད་མེད་བྱས་པས། འབྲོག་པའི་ཐོས་བསམ་གླིང་ལ་སྔ་རྗེས་སུ་ཞིང་ཆེན་རིམ་པ་དང་དེ་བཞིན་ལག་ལེན་སློབ་གསོའི་རྟེན་གཞི་མང་པོར་དཔྱད་འདེམས་བྱས་ཡོད་པ་དང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་འབྲོག་པའི་རིག་གནས་ལག་ལེན་རྟེན་གཞི་རུའང་གྱུར་ཡོད། ཁོང་གིས་བླ་ཤིང་འཆད་ཁྲིད་ཁང་ཞེས་པའང་བཙུགས་ནས་རྩྭ་ཐང་གི་སྣོད་བཅུད་འདུ་ཤེས་ཁྱབ་གདལ་གཏོང་བ་དང་འབྲོག་པའི་རིག་གནས་ཀྱི་སྙིང་བཅུད་བརྒྱུད་བསྒྲགས་བྱེད་པར་ཤ་འབད་རུས་འབད་བྱས་ཡོད།

རྩྭ་ཐང་ལ་དགའ་ཞིང་རྩྭ་ཐང་ལ་སྲུང་སྐྱོང་བྱས་ཏེ། ས་གནས་ཀྱི་འབྲོག་པའི་རིག་གནས་རྒྱུན་འཛིན་བྱས་ཏེ་རྒྱལ་སྤྱིའི་གར་སྟེགས་སུ་བསྐྱོད་པ་ནི་དགའ་འོས་པ་དང་སློབ་སྦྱོང་འོས་པའི་བྱ་གཞག་ཅིག་ཅི་ལ་མིན། ཧ་ཤུལ་ཀརྨ་ཆོས་མཁས་ཀྱིས་འབྲོག་པ་དཀྱུས་མའི་ལག་ལེན་རྒྱུན་འཁྱོངས་ལ་བརྟེན་ནས་མཚོ་བོད་མཐོ་སྒང་གི་སྣོད་བཅུད་སྲུང་སྐྱོང་གི་རིག་གནས་དང་འབྲོག་པའི་ཤུལ་བཞག་རིག་གནས་རྒྱལ་སྤྱིའི་གར་སྟེགས་སུ་བསྐྱོད་པར་ཤུགས་རྐྱེན་བཟང་པོ་ཐེབས་ཡོད། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཐད་ཀྱི་གྲུབ་འབྲས་གསོན་ཉམས་ལྡན་པ་ཞིག་ཀྱང་མཉམ་འབྲེལ་རྒྱལ་ཚོགས་སུ་མངོན་པར་བྱས་ཡོད། ཁོང་གི་རྒྱུན་འཁྱོངས་ལ་བརྟེན་ནས་མཐོ་སྒང་གི་འབྲོག་པའི་རིག་གནས་ནི་ཉམས་རྒུད་དུ་སོང་ཞིང་རྒྱང་རིང་དུ་ཡལ་ཟིན་པ་ཞིག་མིན་པ་དང་། འབྲོག་པའི་རིག་གནས་ནི་རྩྭ་ཐང་སྲུང་སྐྱོང་དང་སྣོད་བཅུད་སླར་གསོ། ས་གཞི་གསོ་སྐྱོང་བྱེད་པའི་སྟོབས་ཤུགས་ཡིན་པ་ར་སྤྲོད་བྱས་ཏེ། མཚོ་བོད་མཐོ་སྒང་གི་སྣོད་བཅུད་བློ་གྲོས་དང་མི་རིགས་ཀྱི་རིག་གནས་ཕུན་སུམ་ཚོགས་པ་དེ་འཛམ་གླིང་གར་སྟེགས་ཐོག་མངོན་ཡོད་པས་ཡི་རངས་ཞུ།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།