《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《གནོད་འགོག་གནོད་སེལ་དང་རྒུད་སྐྱོབ་ཀྱི་ནུས་པ་ཆེ་རུ་གཏོང་དགོས》ཞེས་པ་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ8ཚེས16ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་བཅུ་དྲུག་པའི་སྟེང་།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《གནོད་འགོག་གནོད་སེལ་དང་རྒུད་སྐྱོབ་ཀྱི་ནུས་པ་ཆེ་རུ་གཏོང་དགོས》ཞེས་པ་སྤེལ།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། རང་རྒྱལ་གྱི་མངའ་ཁོངས་རྒྱ་ཆེ་བ་དང་ས་ཁམས་རྙོག་འཛིང་ཆེ་ཞིང་། གནམ་གཤིས་ལ་འགྱུར་ལྡོག་མང་བས། རང་བྱུང་གནོད་འཚེ་འབྱུང་སླ་བ་མ་ཟད་འབྱུང་ཐེངས་མང་བ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་གནོད་འགོག་གནོད་སེལ་དང་རྒུད་སྐྱོབ་བཅས་ཀྱི་བྱ་བ་དེ་མི་དམངས་ཀྱི་བདེ་སྡུག་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པའི་དོན་ཆེན་དུ་བརྩིས་ནས་དམ་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། འདུ་ཤེས་བསྒྱུར་བ་དང་སྒྲིག་སྲོལ་བཅོས་བསྒྱུར། མ་ལག་འཛུགས་སྐྲུན། ནུས་པ་ཇེ་ཆེར་གཏོང་བ་སོགས་ཀྱི་ཐད་བཀོད་སྒྲིག་མང་པོ་བྱས་ཤིང་། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་སྣེ་ཁྲིད་དེ་རང་བྱུང་གནོད་འཚེ་ཚབས་ཆེན་རབ་དང་རིམ་པ་ལས་རྣམ་པར་རྒྱལ་ནས། ཚད་ཆེས་ཆེ་བའི་སྒོ་ནས་མི་སྣའི་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཉུང་དུ་བཏང་བས། བླངས་པའི་གྲུབ་འབྲས་ལ་འཛམ་གླིང་ཡོངས་ཀྱིས་ཁས་ལེན་བྱེད་ཀྱི་ཡོད།  གནོད་འགོག་གནོད་སེལ་དང་རྒུད་སྐྱོབ་ཀྱི་བྱ་བ་ཡག་པོ་སྒྲུབ་དགོས་ན། ངེས་པར་དུ་ཏང་གི་ཕྱོགས་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་དང་། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མཐོ་བ་རྒྱུན་འཁྱོངས་བྱེད་པ། རང་བྱུང་ཆོས་ཉིད་ལ་བརྩི་འཇོག་བྱེད་རྒྱུ་རྒྱུན་འཁྱོངས། སྔོན་འགོག་གཙོ་བོར་འཛིན་པ་དང་བསྒྱུར་བཅོས་གསར་གཏོད་བྱེད་རྒྱུ་རྒྱུན་འཁྱོངས། མ་ལག་འདུ་ཤེས་དང་སྤྱི་ཚོགས་མཉམ་བཅོས་རྒྱུན་འཁྱོངས་བཅས་བྱེད་དགོས། ཉམས་མྱོང་རྩ་ཆེན་དེ་དག་རྒྱུན་འཁྱོངས་དང་བེད་སྤྱོད་ཡག་པོ་བྱེད་དགོས་པ་མ་ཟད། དོན་དངོས་གསར་པ་དང་ཟུང་འབྲེལ་བྱས་ཏེ་ཟམ་མི་ཆད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་གཏོང་དགོས།

རྩོམ་ཡིག་ལས་བསྟན་དོན། མིག་སྔར་རང་རྒྱལ་གྱི་གནོད་འགོག་གནོད་སེལ་དང་རྒུད་སྐྱོབ་བྱ་བ་དེ་གནས་ཚུལ་གསར་པ་དང་གནད་དོན་གསར་པ་མི་ཉུང་བ་ཞིག་དང་འཕྲད་ཡོད་པས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་དུ་ལངས་ནས། གནོད་འགོག་གནོད་སེལ་དང་རྒུད་སྐྱོབ་བྱ་བ་ཡག་པོ་བསྒྲུབ་རྒྱུའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ཤུགས་ཆེན་པོས་ལེགས་ཆ་འདོན་སྤེལ་དང་མི་འདང་ས་ཁ་གསབ། ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་བྱེད་པ།  རང་བྱུང་གནོད་འཚེ་སྣ་ཚོགས་ལ་ཁ་གཏད་འཇལ་བའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ཏན་ཏིག་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བརྟན་བརླིང་ངང་རྒྱང་རིང་དུ་སྐྱོད་པར་འགན་ལེན་བྱེད་དགོས།

རྩོམ་ཡིག་ལས་ཕྱོགས་ལྔའི་ཐད་ཀྱི་གཙོ་གནད་བྱ་བ་བཀོད་སྒྲིག་བྱས། དང་པོ། གནོད་འཚེ་བཅོས་སྐྱོང་དོན་དག་སྔོན་ལ་འགོག་པར་བསྒྱུར་དགོས། གཉིས་པ། གནོད་འཚེ་ཚབས་ཆེན་ལ་ཁ་གཏད་འཇལ་བའི་ནུས་པ་ཆེ་རུ་གཏོང་དགོས། གསུམ་པ། ཚན་རྩལ་གྱི་འདེགས་སྐྱོར་དང་ཁྲིམས་སྐྱོང་གི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། བཞི་པ། གནོད་འགོག་གནོད་སེལ་དང་རྒུད་སྐྱོབ་ཀྱི་གཞི་རིམ་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། ལྔ་པ། འགན་འཁྲི་དོན་འཁྱོལ་བྱེད་རྒྱུར་དམ་འཛིན་ནན་ཏན་བྱེད་དགོས།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། གནོད་འགོག་གནོད་སེལ་དང་རྒུད་སྐྱོབ་བཅས་ཀྱི་བྱ་བ་ལེགས་པོར་བསྒྲུབ་པར། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་དུ་བསྟར་ནས། འཕེལ་རྒྱས་ལ་སྣང་ཆེན་དང་བདེ་འཇགས་ལ་སྣང་ཆུང་། རྒུད་སྐྱོབ་ལ་སྣང་ཆེན་དང་སྔོན་འགོག་ལ་སྣང་ཆུང་བྱེད་པ་སོགས་ཀྱི་ཕྱོགས་ལྷུང་མཐའ་གཅིག་ཏུ་ཡོ་བསྲང་བྱེད་དགོས། རིམ་པ་སོ་སོའི་ལས་བྱེད་པའི་གནོད་འགོག་གནོད་སེལ་དང་རྒུད་སྐྱོབ་ཀྱི་ནུས་པ་ཆེ་རུ་བཏང་ནས། ངོས་འཛིན་དང་འགན་འཁྲི། བྱ་བ་བཅས་དོན་འཁྱོལ་ཡོང་བར་འགན་ལེན་བྱེད་དགོས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།