མཚོ་སྔོན་མཐོ་རིམ་ཁྲིམས་ཁང་གིས་སྐྱེ་ཁམས་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང་དྲིལ་སྒྲོག་བྱེད་སྒོ་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ8པའི་ཚེས15ཉིན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང་》དངོས་སུ་ལག་བསྟར་བྱས། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་དང་། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དང་མཉམ་དུ། ཡུས་ཧྲུའུ་གྲོང་ཁྱེར་དུ“ཁྲིམས་གཞུང་གིས་གཙང་བོའི་འགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཁྲིམས་སྐྱོང་གིས་ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བྱེད”ཅེས་པའི་བརྗོད་དོན་དྲིལ་སྒྲོག་བྱེད་སྒོ་སྤེལ།

བྱེད་སྒོའི་ཁྲོད། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་དང་། ཡུས་ཧྲུའུ་ཁུལ་མི་དམངས་སྲིད་གཞུང་དང་མཉམ་དུ། ཐུན་མོང་སྒོས《རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སྲུང་སྐྱོབ་གྲོས་འགོའི་ཡི་གེ》དངོས་སུ་བཏོན་ནས། ལས་རིགས་སོ་སོས་སྐྱེ་ཁམས་སྲུང་སྐྱོབ་ལག་ལེན་བྱེད་མཁན་དང་ཁྲིམས་སྐྱོང་སྲུང་སྐྱོང་ནང་ཞུགས་མཁན། སྐྱེ་ཁམས་རིག་གནས་བརྒྱུད་སྤེལ་བྱེད་མཁན། མཐུན་སྦྱོར་ཐུན་མོང་བཅོས་སྐྱོང་ལ་སྐུལ་འདེད་གཏོང་མཁན་བཅས་བརྩོན་ལེན་བྱེད་དགོས་པའི་འབོད་སྐུལ་བཏང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁྲིམས་རའི་སྐད་གཉིས་སྨྲ་བའི་ཁྲིམས་དཔོན་གྱིས་ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་རྔོན་པ་དང་རི་སྐྱེས་རྩི་ཤིང་འཐུ་བ་སོགས་དཔེ་མཚོན་གྱོད་དཔེ་དང་ཟུང་འབྲེལ་བྱས་ཏེ། ཁྲིམས་སྐྱོང་ཡོངས་བསྒྲགས་སློབ་ཚན་སྤེལ་ནས། སྐྱེ་ཁམས་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང་དང་རྒྱལ་ཁབ་སྤྱི་གླིང་བཅའ་ཁྲིམས་ཀྱི་ནང་སྙིང་ལ་གསལ་འགྲེལ་བྱས། ཡུལ་དངོས་ཀྱི་འགྲེམས་པང་དང་བློ་འདྲི་སྟེགས་བུ་བཙུགས་པ་དང་། སྐད་གཉིས་དྲིལ་སྒྲོག་དེབ་བཀྲམ་པར་མ་ཟད། ལས་དོན་མི་སྣས་ཡུལ་དངོས་ནས་རྩྭ་རའི་རྩོད་གཞི་དང་། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་སོགས་ཀྱི་གནད་དོན་ལ་ལན་བཏབ། བྱེད་སྒོའི་ཁྲོད་ད་དུང་སྐྱེ་ཁམས་བརྗོད་དོན་ཡིན་པའི་རིག་རྩལ་འགྲེམས་སྟོན་དང་སྐྱེ་ཁམས་ཤེས་བྱའི་དྲི་ལན། ཁྲིམས་འཛིན་སྒྲིག་ཆས་ཉམས་ལེན་སོགས་མཉམ་འགུལ་གོ་རིམ་ཁྲོད་འདྲེས་བར་བྱས་ནས། མང་ཚོགས་ཀྱིས་ཉན་སྤྲོ་ཞིང་ལྟ་འདོད་ཆེ་བའི་རྣམ་པའི་ངོས་ནས་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་བརྒྱུད་སྤེལ་བྱས་ཏེ། དམངས་ཡོངས་ཀྱིས་ཁྲིམས་ལ་བརྩི་འཇོག་དང་ཁྲིམས་ལ་སློབ་སྦྱོང་། ཁྲིམས་སྲུང་བ། ཁྲིམས་བཀོལ་བ་བཅས་ཀྱི་མཁའ་དབུགས་བསྐྲུན།

དུས་ཡུན་རིང་པོའི་ནང་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས། “རྒྱལ་དོན་གྱི་ཆེ་ཕྱོགས”བློ་ལ་བརྟན་པོར་བཅངས་ནས། གཙང་བོའི་འགོ་ཁུངས་ཀྱི་སྐྱེ་ཁམས་ཁྲིམས་འཛིན་ལག་བསྟར་ནན་མོ་བྱས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་འཛིན་སླར་གསོའི་རྟེན་གཞིར་བརྟེན་ནས། “གཞུང་ཁང”གི་མཐུན་སྦྱོར་བཅོས་སྐྱོང་ཟབ་སྤེལ་གཏོང་བ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁྲིམས་རའི་འགན་ནུས་འདོན་སྤེལ་བྱས་ཏེ། ཁོར་ཡུག་དང་རྒྱུ་ནོར་གྱི་གྱོད་གཞི་ཁྱབ་ཁོངས་ལས་བརྒལ་བའི་གཅིག་སྡུད་དོ་དམ་དང་། “འདྲི་གཅོད་གསུམ་གཅིག་སྒྲིལ”གྱི་གཅིག་སྡུད་ཞིབ་གཅོད་ལག་བསྟར་བྱེད་པ། སྐྱེ་ཁམས་ཁྲིམས་འཛིན་དང་སྐྱེ་ཁམས་དོ་དམ་པའི་མཉམ་འགུལ་རྣམ་པར་སྐུལ་འདེད་བཏང་། རྒྱུན་རྣམ་ཅན་གྱི་སྒོ་ནས་སྐད་གཉིས་སྐོར་སྐྱོད་འདྲི་གཅོད་དང་གྱོད་གཞིར་བརྟེན་ནས་ཁྲིམས་ལ་འགྲེལ་བཤད་རྒྱག་པ།  ཁྲིམས་རའི་འདྲི་གཅོད་དེ་བརླན་ས་དང་མཚོ་འགྲམ། དོ་དམ་བཅས་ཀྱི་འཐབ་ཕྱོགས་དང་པོར་ཐོན་དུ་འཇུག་པ། ཁྲིམས་འཛིན་ཁྲིམས་གཅོད་ལ་བརྟེན་ནས་སྐྱེ་ཁམས་ཀྱི་ཉེན་མཚམས་དབྱེ་འབྱེད་བཅས་བྱས་ཏེ། ཁྲིམས་སྐྱོང་འདུ་ཤེས་མི་སེམས་ཀྱི་ཟབ་སར་ཟུག་པར་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།