《མཚོ་སྔོན་ཞིང་ཆེན་གྱི་ཚོང་དོན་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད》འགྲེམ་སྤེལ་ལག་བསྟར་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ8པའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་ནས་འབྱོར་བའི་གནས་ཚུལ་ལྟར་ན། ཟླ7པའི་ཚེས31ཉིན། ཞིང་ཆེན་སྲིད་གཞུང་གིས་འགྲེམ་སྤེལ་བྱས་པའིམཚོ་སྔོན་ཞིང་ཆེན་གྱི་ཚོང་དོན་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོདའགྲེམ་སྤེལ་བྱས་ཏེ། རྗེས་ཕྱོགས་ཀྱི་ལོ་ལྔའི་རིང་གི་ཞིང་ཆེན་ཡོངས་ཀྱི་ཚོང་དོན་འཁོར་རྒྱུག་དང་འཛད་སྤྱོད་སྤུས་འདེགས། ཕྱི་ཕྱོགས་ཉོ་ཚོང་། ཕན་ཚུན་དངུལ་གཏོང་མཉམ་ལས་བཅས་ཀྱི་འཕེལ་རྒྱས་ལམ་ཕྱོགས་གཏན་འཁེལ་གསལ་བོ་བྱས་ཡོད་ལ། དེ་ནི་རང་ཞིང་གི་ཚོང་དོན་ཁྱབ་ཁོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན།

ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ནི། མཚོ་སྔོན་གྱིས་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་ཟུང་གེགས་མེད་ཡོང་བར་བྱེད་པ་དང་། མཚོ་བོད་མཐོ་སྒང་གི་ནང་ལོགས་སྐམ་སའི་སྒོ་འབྱེད་མཐོ་ས་བསྐྲུན་པའི་འགག་སྒྲོལ་དུས་སྐབས་ཡིན་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་ཞབས་འདེགས་ཞུ་བའི་འགག་རྩའི་དུས་རིམ་ཡང་ཡིན། འཆར་འགོད་ལས་ཞིང་ཆེན་གྱི་དངོས་ཡོད་གནས་ཚུལ་ལ་རྐང་བཙུགས་ཤིང་། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་ལ་དམ་པོར་དམིགས་པ་དང་། འཛད་སྤྱོད་དང་འཁོར་རྒྱུག ཕྱི་ཕྱོགས་ཉོ་ཚོང་། སྒོ་འབྱེད་སོགས་ཁྱབ་ཁོངས་གཙོ་བོར་གཞིགས་ནས། དངོས་གཉེར་བྱེད་ཐབས་སྣ་ཚོགས་དང་འཕེལ་རྒྱས་དམིགས་འབེན་མང་པོ་བཏོན།

འཆར་འགོད་ལས་བསྟན་དོན། 2030ལོར་སླེབས་སྐབས། རང་ཞིང་གིས་དེང་རབས་ཚོང་དོན་འཁོར་རྒྱུག་མ་ལག་རྩ་བའི་ཆ་ནས་འགྲུབ་པར་བྱེད་དགོས་ལ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྣམ་པ་ཐོག་མར་གྲུབ་པར་བྱས་ནས། ཚོང་དོན་དཔལ་འབྱོར་དེ་མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་འདེགས་སྐྱོར་གལ་ཆེན་དུ་འགྱུར་བར་བྱ་དགོས། འཛད་སྤྱོད་ཁྱབ་ཁོངས་སུ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་འཚོང་གི་སྤྱིའི་སྡོམ་འབོར་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་གསུམ་ལས་བརྒལ་བ་དང་། དྲ་རྒྱའི་སིལ་འཚོང་གི་སྤྱིའི་སྡོམ་འབོར་སྒོར་ཐེར་ཆེན་གཉིས་ལས་བརྒལ་བར་བརྩོན་ལེན་བྱས་ནས། སྐར་བཅོ་ལྔའི་དམངས་བདེ་འཚོ་བའི་ཚོམས་བརྒྱ་དང་བརྒྱད་ཅུ་ལས་མི་ཉུང་བ་འགྲུབ་པར་བྱེད་པ་དང་། སྟོབས་ཤུགས་གཅིག་བསྡུས་ཀྱིས་ཟི་ལིང་འདི་ཉིད་མཚོ་བོད་མཐོ་སྒང་གི་ཁུལ་ཁོངས་རང་བཞིན་གྱི་འཛད་སྤྱོད་ལྟེ་བའི་གྲོང་ཁྱེར་དུ་བསྒྱུར་དགོས། ཕྱི་ཕྱོགས་སྒོ་འབྱེད་ཕྱོགས་ནས། དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་སྡོམ་འབོར་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་བཞི་ལས་བརྒལ་བ་དང་། ཕྱི་ཕྱོགས་ཉོ་ཚོང་གི་དངོས་འབྲས་ཁེ་ལས་ལྔ་བརྒྱ་ལས་བརྒལ་བར་བྱ་དགོས།  ཀྲུང་གོ་དང་ཡོ་རོབ་གླིང་། ཨེ་ཤ་ཡ་བཅས་ཀྱི་རེས་འཁོར་རྒྱུན་རྣམ་ཅན་གྱི་འཁོར་སྐྱོད་ལ་སྐུལ་འདེད་བཏང་ནས། རྒྱལ་སྤྱིའི་མཁའ་ལམ་གསུམ་གསར་དུ་ཁ་སྣོན་བྱེད་པ་དང་། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དང་རྒྱལ་ཁོངས་བརྒལ་བའི་གློག་རྡུལ་ཚོང་དོན་གྱི་ཕྱོགས་བསྡུས་ཚོད་ལྟའི་ཁུལ་སོགས་སྒོ་འབྱེད་སྟེགས་བུའི་རིམ་ནུས་ཕྱོགས་ཡོངས་ནས་མཐོར་འདེགས་བཏང་སྟེ། ཞབས་ཞུ་ཉོ་ཚོང་དང་ཕྱི་དངུལ་བེད་སྤྱོད། ཕྱི་ཕྱོགས་སྒོ་འབྱེད་མཉམ་ལས་བཅས་ཀྱི་སྤུས་ཚད་དང་གྲངས་ཚད་གཉིས་ཀ་མཉམ་དུ་འཕར་བར་སྐུལ་འདེད་གཏོང་དགོས།

ནང་མཁོའི་སྦས་ཤུགས་སྔོག་འདོན་ཟབ་མོ་བྱས་ནས། འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་སྐུལ་སྤེལ་བྱ་དགོས། རང་ཞིང་གིས་འཛད་སྤྱོད་མཐོར་འདེགས་གཏོང་བའི་ཆེད་དོན་འགུལ་སྐྱོད་སྤེལ་ཏེ། ཞབས་ཞུའི་འཛད་སྤྱོད་དང་སྲོལ་རྒྱུན་འཛད་སྤྱོད། གསར་དར་འཛད་སྤྱོད། སྤུས་ལེགས་འཛད་སྤྱོད་བཅས་ཕྱོགས་བཞིའི་ཐད་ལ་མཐུན་སྦྱོར་ཤུགས་འདོན་བྱ་རྒྱུ་རེད། མཚོ་སྔོན་གྱི་གསོལ་སྟོན་དང་གཙང་གསུམ་གྱི་ལག་ཤེས་མ་སོགས་ས་གནས་ཀྱི་ཁྱད་ལྡན་ཟོང་རྟགས་མིང་གྲགས་ཅན་དུ་བསྒྱུར་བ་དང་། རི་སྐོར་བའི་དཔལ་འབྱོར་དང་གངས་འཁྱགས་དཔལ་འབྱོར། འགྲན་སྡུར་དཔལ་འབྱོར་སོགས་མཐོ་སྒང་གི་ཁྱད་ལྡན་འཛད་སྤྱོད་གནས་ཡུལ་བསྐྲུན་རྒྱུ་རེད། རླངས་འཁོར་དང་ཁྱིམ་ཆས་རྙིང་ཚབ་གསར་བརྗེདང་ལྗང་མདོག་རིག་ནུས་ཁྱིམ་ཆས་གཞི་རིམ་དུ་སྐྱེལ་བ་སོགས་ཀྱི་བྱེད་ཐབས་ལག་བསྟར་བྱེད་པ་དང་། དམངས་ལ་ཕན་ཞིང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཟོང་རྟགས་ལེགས་པོར་བསྐྲུན་ཞིང་། ལོ་རེར་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་ཉིས་བརྒྱ་ཡན་སྤེལ་ནས། བྱ་དགའ་སྟེར་བ་དང་པ་སེ་སྤྲོད་པའི་ཚོད་ལྟའི་བྱ་བར་སྐུལ་འདེད་གཏོང་དགོས། ནུས་ཤུགས་ཡོད་རྒུས་གློག་རྡུལ་ཉོ་ཚོང་དང་ཐད་གཏོང་། སྐབས་བསྟུན་སིལ་འཚོང་། རིག་ནུས་ཚོང་ཚོམས་སོགས་འཛད་སྤྱོད་ཀྱི་ལས་རྣམ་གསར་བ་འཕེལ་རྒྱས་གཏོང་བ་དང་། ཚོང་ཁང་ཐོག་མ་ཕྱེ་བའི་དཔལ་འབྱོར་དང་ལས་རྣམ་གསར་བ་ཁྱབ་བསྒྲགས་བྱེད་པའི་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས། ཟི་ལིང་གི་འགྱེད་འཕྲོ་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། མཚོ་ཤར་དང་ན་གོར་མོ་གཉིས་ཁུལ་ཁོངས་འཛད་སྤྱོད་ཀྱི་གནས་ཡུལ་གཙོ་བོའི་གྲོང་ཁྱེར་དུ་བསྒྱུར་བ་དང་། མང་ཚོགས་ཀྱི་འཛད་སྤྱོད་དགོས་མཁོ་མང་པོ་མུ་མཐུད་དུ་བསྐང་ཐུབ་པར་བྱ་དགོས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།