མཚོ་སྔོན་དང་ཨའོ་མོན་གྱི་རོལ་དབྱངས་རིག་གནས་བརྗེ་རེས་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ8པའི་ཚེས14ཉིན། ཨའོ་མོན་དང་མཚོ་སྔོན་གྱི་རོལ་དབྱངས་རིག་གནས་བརྗེ་རེས་བཞུགས་མོལ་ཚོགས་འདུ་མཚོ་སྔོན་ཞིང་ཆེན་རིག་རྩལ་འཁྲབ་སྟོན་སྡེ་ཚོགས་ཚད་ཡོད་འགན་འཁྲི་ཀུང་ཟི་རུ་བསྡུས། ས་གནས་གཉིས་ཀྱི་ན་གཞོན་རོལ་མོ་བའི་འཐུས་ཚབ་དང་སྐུ་མགྲོན་རྣམས་ཀྱིས་རོལ་དབྱངས་ལ་བརྟེན་ནས། རིག་གནས་བརྗེ་རེས་ཀྱི་ལེའུ་གསར་བའི་སྐོར་བགྲོ་གླེང་བྱས།

མཚོ་སྔོན་འདི་ཉིད་མཚོ་བོད་མཐོ་སྒང་དུ་ཆགས་ཡོད་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་མཛོད་ཡིན་ཞིང་། དུས་ཡུན་རིང་པོར་མི་རིགས་མང་པོ་མཉམ་འདྲེས་མཉམ་གནས་བྱས་པས། མི་རིགས་གླུ་གར་དང་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ། དམངས་སྲོལ་རིག་གནས་དང་གཟུགས་འདས་ཤུལ་བཞག་རིག་གནས་སྒྱུ་རྩལ་བཅས་ཕུན་སུམ་ཚོགས་པའི་རིག་གནས་མང་པོ་མཉམ་འདུས་བྱས་ཡོད།  ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱིས་ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་རིག་གནས་དང་ལོ་རྒྱུས་རིག་གནས། དམར་པོའི་རིག་གནས། མི་རིགས་རིག་གནས། མཐོ་སྒང་རིག་གནས་བཅས་སྐྱེད་སྲིང་དང་དར་སྤེལ་བྱས་ཤིང་། རིག་རྩལ་གྱི་སྤུས་ལེགས་བརྩམས་ཆོས་གསར་རྩོམ་འཆར་གཞི་ལག་བསྟར་བྱས་ཏེ། སྤུས་ལེགས་བརྩམས་ཆོས་སྐོར་ཞིག་འགྲེམ་སྟོན་བྱས་ཡོད། མཚོ་སྔོན་གྱིས་ཕུན་སུམ་ཚོགས་པའི་སྒྱུ་རྩལ་གྱི་ཐོན་ཁུངས་ལ་བརྟེན་ཞིང་། ཨའོ་མོན་དང་མཉམ་དུ་རིག་གནས་ཡུལ་སྐོར་མཉམ་འདྲེས་དང་རིག་རྩལ་སྤུས་ལེགས་བརྩམས་ཆོས་མཉམ་སྐྲུན། འཇོན་མི་བརྗེ་རེས་གསོ་སྐྱོང་སོགས་ཀྱི་མཉམ་ལས་ཟབ་སྤེལ་བྱེད་པ་དང་། ཕན་ཚུན་གྱི་རིག་གནས་བརྗེ་རེས་སྟེགས་བུ་བསྐྲུན་ནས། མཚོ་སྔོན་གྱི་མི་རིགས་གླུ་གར་དང་གཟུགས་འདས་ཤུལ་བཞག་རིག་གནས་སྒྱུ་རྩལ་དེ་ཨའོ་མོན་བརྒྱུད་ནས་གར་སྟེགས་སྔར་ལས་ཆེ་སར་བསྐྱོད་དུ་འཇུག་པ་དང་། དེ་དང་མཉམ་དུ་ཨའོ་མོན་གྱི་གསར་གཏོད་ཇུས་འགོད་དང་རྒྱལ་སྤྱི་ཅན་གྱི་ལྟ་ཚུལ་ནང་འདྲེན་བྱས་ཏེ། ས་གནས་གཉིས་ཀ་རིག་གནས་བརྗེ་རེས་ནས་མཉམ་ལས་ཟབ་མོ་བྱེད་པའི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་བའི་རེ་བ་བཅངས་ཡོད།

བཞུགས་མོལ་ཚོགས་འདུའི་སྟེང་། རིག་རྩལ་འཁྲབ་སྟོན་གྱི་གོ་རིམ་ཁྲོད་དུ་ས་གནས་གཉིས་ཀྱི་རོལ་མོ་བས་མཉམ་འབྲེལ་སྒོས་ས་ཁོངས་ཀྱི་ཁྱད་ཆོས་ལྡན་ཞིང་མི་རིགས་ཀྱི་གོམས་སྲོལ་འདྲེས་པའི་སྒྱུ་རྩལ་གྱི་གསོལ་སྟོན་བཤམས། མཚོ་སྔོན་གྱི་གླུ་གར་དང་སོག་རིགས་ཀྱི་གླུ་གཞས། ཟློས་གར་བཅས་ཀྱིས་མི་རིགས་རིག་གནས་ཀྱི་ཁྱད་ཆོས་མངོན་པར་བྱས་ལ། ཅིན་ཅུས་ཟློས་གར་དང་གླུ་བྲོ་ཟློས་གར་སོགས་ཀྱིས་ཟློས་གར་ཁྱབ་ཁོངས་ཀྱི་སྣ་མང་གྲུབ་འབྲས་མཚོན་པར་བྱས།  ཨའོ་མོན་གྱི་རོལ་མོ་བས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རོལ་མོ་དཀྲོལ་ནས། ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ནས་གངས་ལྗོངས་མཐོ་སྒང་བར་གྱི་མཉམ་སྒྲོག་ལེའུ་འབྲི་འགོ་བརྩམས། ཨའོ་མོན་གྱི་རོལ་མོ་ཚོགས་པས་མཐའ་ཡས་པའི་ཨ་སྔོན་ཞེས་པའི་གླུ་གཞས་མཉམ་ལེན་བྱས་ཏེ། ཡུལ་དངོས་ཀྱི་ལྟད་མོ་བ་མང་པོའི་ཡིད་སེམས་སྒུལ་བར་བྱས་ཤིང་། རིག་གནས་མཉམ་འདྲེས་ཟབ་མོ་བྱས་པའི་དགའ་སྤྲོའི་སྣང་བརྙན་གང་ལེགས་སྒོས་མངོན་པར་བྱས།

ས་གནས་གཉིས་ཀྱི་ན་གཞོན་འཐུས་ཚབ་པས་ད་དུང་སྒྱུ་རྩལ་གསར་རྩོམ་དང་འཇོན་མི་གསོ་སྐྱོང་རྐྱེན་སྲོལ། གར་སྟེགས་འཁྲབ་སྟོན་བརྗེ་རེས་སོགས་ཀྱི་བརྗོད་བྱར་དམིགས་ནས་སོ་སོའི་བསམ་ཚུལ་ལྷུག་པོར་བརྗོད། ཨའོ་མོན་གྱི་འཐུས་ཚབ་པས་བསྟན་དོན། ཐེངས་འདིར་ས་གནས་ཀྱི་རིག་གནས་རྨང་གཞིར་ཉེ་བར་བཅར་ནས་ཉམས་སུ་མྱངས་པས། གསར་རྩོམ་གྱི་རྒྱུ་ཆ་མང་པོ་སྡུད་ལེན་བྱེད་ཐུབ་པར་མ་ཟད། སྒྱུ་རྩལ་གྱི་མཐོང་རྒྱ་བསྐྱེད་པ་དང་། རྗེས་ཕྱོགས་ཀྱི་བརྩམས་ཆོས་གསར་རྩོམ་དང་གར་སྟེགས་འཁྲབ་སྟོན་ལ་རྨང་གཞི་བརྟན་པོ་འདིང་ཐུབ་རྒྱུ་རེད། ཀྲུའུ་ཧའེ་ཡིས་སྦྲེལ་ཟམ་དང་འབྲེལ་ཐག་གི་བྱེད་ནུས་འདོན་སྤེལ་བྱས་ཏེ། ཀོང་ཏུང་དང་ཞང་ཀང་། ཨའོ་མོན་བཅས་དང་མེས་རྒྱལ་ནུབ་རྒྱུད་ཀྱི་རིག་གནས་ཡུལ་སྐོར་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་མོར་སྐུལ་འདེད་གཏོང་འདོད་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།