ཟླ8པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་ཟི་ལིང་གྲོང་ཁྱེར་དུ་མཚོ་སྔོན་དང་ཞང་ཀང་གི་བཟའ་བཏུང་ཁེ་ལས་ཀྱི་བརྗེ་རེས་བྱེད་སྒོ་སྤེལ། ཐེངས་འདིའི་བྱེད་སྒོ་ལས་མཚོ་སྔོན་དང་ཞང་ཀང་གི་བརྗེ་རེས་ཟབ་སྤེལ་གྱིས་བཟའ་བཏུང་མཉམ་འདྲེས་ལ་མཉམ་དུ་སྐུལ་འདེད་གཏོང་ཞེས་པ་བརྗོད་གཞི་བྱས་ཏེ། མཚོ་སྔོན་གྱི་ཁྱིམ་ཚང་གསོལ་སྟོན་ཞེས་པའི་ཁེ་ལས་ཀྱི་བརྗེ་རེས་དང་འདོན་སྤྲོད་མུ་ཕྲེང་ཁེ་ལས་ཀྱི་ཐོན་རྫས་ཕྱིར་འཚོང་སྦྲེལ་མཐུད་སོགས་ཀྱི་ལས་རིམ་བཀོད་སྒྲིག་བྱས། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་གྲོས་ཚོགས་ཀྱི་གྲོས་མི། ཞང་ཀང་དེང་རབས་དོ་དམ་བཟའ་བཏུང་ཆེད་ལས་མཐུན་ཚོགས་ཀྱི་ལས་གཏོད་ཚོགས་གཙོ་ཀྲང་ཡུས་རེན་གྱིས་ཚོགས་མི་ཁྲིད་ནས་བྱེད་སྒོར་ཞུགས་པ་དང་། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གི་འབྲེལ་ཡོད་འགན་འཁུར་མི་སྣ་དང་ཞང་ཀང་གི་མིང་གྲགས་ཆེ་བའི་བཟའ་བཏུང་ཁེ་ལས་ཀྱི་འཐུས་ཚབ། མཚོ་སྔོན་གྱི་བཟའ་བཏུང་ཁེ་ལས་ཀྱི་འཐུས་ཚབ། འདོན་སྤྲོད་མུ་ཕྲེང་ཁེ་ལས་ཀྱི་འགན་འཁུར་མི་སྣ་དང་འབྲེལ་ཡོད་ཚོང་ཚོགས་མཐུན་ཚོགས་སོགས་མི་སྣ་བརྒྱད་ཅུ་ལྷག་བྱེད་སྒོར་ཞུགས།
མཚོ་སྔོན་གྱི་ཁྱིམ་ཚང་གསོལ་སྟོན་བརྗེ་རེས་བརྒྱུད་རིམ་ཁྲོད། མཚོ་སྔོན་གྱི་ཁྱིམ་ཚང་གསོལ་སྟོན་དབང་བཅོལ་བཟའ་བཏུང་ཁེ་ལས་ཀྱིས་སྐམས་ཤ་དང་ལུག་ཤ འཁྱགས་ཆུའི་ཉ། མཐོ་སྒང་གི་གྲང་འཁྱགས་སྔོ་ཚལ་སོགས་མཚོ་སྔོན་ས་གནས་ཀྱི་ཟས་རིགས་ལ་བརྟེན་ནས། ཐག་རིང་ནས་ཡོང་བའི་སྐུ་མགྲོན་ཚོར་མི་རིགས་མང་པོའི་གཡོས་སྦྱོར་བྱེད་ཐབས་མཉམ་འདྲེས་ཀྱིས་ཁྱིམ་ཚང་གསོལ་སྟོན་གྱི་ཁྱད་ཆོས་ལྡན་པའི་ཚལ་རིགས་ལོངས་སུ་སྤྱོད་དུ་བཅུག ཞང་ཀང་གི་ཚོགས་ཞུགས་མི་སྣས་མཚོ་སྔོན་ཟས་རིགས་ཀྱི་སྤུས་ཀ་ལེགས་པོ་དང་མཚོ་སྔོན་གྱི་ཁྱིམ་ཚང་གསོལ་སྟོན་གྱི་ཚལ་རིགས་ཀྱི་བྲོ་བར་གདེང་འཇོག་མཐོན་པོ་བྱས། མཚོ་སྔོན་གྱི་ཁྱིམ་ཚང་གསོལ་སྟོན་ནི་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལངས་གནས་མཐོན་པོས་བཀོད་སྒྲིག་དང་ཞིང་ཆེན་ཡོངས་ཀྱིས་སྟོབས་ཤུགས་གཅིག་བསྡུས་ཀྱིས་མཉམ་བསྐྲུན་བྱས་པའི་ཞིང་ཆེན་རིམ་པའི་མཚོན་བྱེད་རང་བཞིན་གྱི་ཁུལ་ཁོངས་ཀྱི་སྤྱི་བའི་ཟོང་རྟགས་ཡིན་ལ། མཐོ་སྒང་གི་སྐྱེ་ཁམས་སྐྱེ་ལྡན་ཟས་རིགས་རྨང་གཞིར་བྱས་ཤིང་། མི་རིགས་མང་པོའི་བཟའ་བཏུང་རིག་གནས་སྣ་མང་མཉམ་འདུས་བྱས་ཡོད་པས། སྐྱེ་ཁམས་ཀྱི་གསོལ་སྟོན་དང་རིག་གནས་ཀྱི་གསོལ་སྟོན། དམངས་ཕྱུག་གི་གསོལ་སྟོན། སྒོ་འབྱེད་ཀྱི་གསོལ་སྟོན་བཅས་ཡིན། བརྗེ་རེས་ཡུལ་དངོས་སུ། མཚོ་སྔོན་བཟའ་བཏུང་ཁེ་ལས་ཀྱིས་ཟི་ལིང་གི་སྲོལ་རྒྱུན་ཚལ་རིགས་ནས་གསར་གཏོད་མཉམ་འདྲེས་ཀྱི་ཁྱིམ་ཚང་གསོལ་སྟོན་ཚལ་རིགས་མང་པོ་འགྲེམ་སྟོན་བྱས་ཏེ། མཐོ་སྒང་བཟའ་བཏུང་གི་ཁྱད་ཆོས་ལྡན་པའི་བྲོ་བ་དང་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ནང་དོན་གང་ལེགས་སྒོས་མཚོན་པར་བྱས།
འདོན་སྤྲོད་མུ་ཕྲེང་ཁེ་ལས་ཀྱི་སྦྲལེ་མཐུད་གོ་རིམ་ཁྲོད། མཚོ་སྔོན་གྱི་ཁྱིམ་ཚང་གསོལ་སྟོན་དབང་བཅོལ་འདོན་སྤྲོད་མུ་ཕྲེང་ཁེ་ལས་དང་ཞང་ཀང་བཟའ་བཏུང་ཁེ་ལས་ཀྱི་འཐུས་ཚབ་པས་དངོས་གཉེར་གྱི་བརྗེ་རེས་ཟབ་མོ་བྱས། མིག་སྔར། སྐམས་ཤ་དང་འཁྱགས་ཆུའི་ཉ། མཐོ་སྒང་གི་འཁྱགས་གྲང་སྔོ་ཚལ་སོགས་མཚོ་སྔོན་གྱི་ཁྱད་ལྡན་ཟས་རིགས་བསྟུད་མར་ཞང་ཀང་ཕྱོགས་སུ་འདོན་སྤྲོད་བྱས་པར་བརྟེན། ཞང་ཀང་གི་ཁྲོམ་རས་དེ་དག་གི་སྤུས་ཀར་ཁས་ལེན་གང་ལེགས་བྱས་ཡོད། བརྗེ་རེས་ཡུལ་དངོས་སུ། ས་གནས་གཉིས་ཀྱི་ཁེ་ལས་ཀྱིས་ཟས་རིགས་འདོན་སྤྲོད་ཚད་གཞི་དང་འཁྱགས་གྲང་ཟས་རིགས་མུ་ཕྲེང་གི་དངོས་རྒྱུག་སྐྱེལ་བའི་དུས་ཡུན། ཟོང་རྟགས་མཉམ་འབྲེལ་ཁྱབ་གདལ་འཐབ་ཇུས་སོགས་གནད་འགག་གི་མཉམ་ལས་ལས་སྒོར་གཞིགས་ནས་འབྲེལ་འདྲིས་ལེགས་པོ་བྱས་པར་མ་ཟད། ཞང་ཀང་ལ་འདོན་སྤྲོད་བྱེད་པའི་ཐོན་རྫས་གཏན་འཁེལ་གྱིས་གསར་སྤེལ་དང་དུས་ཚིགས་རང་བཞིན་གྱི་ཟས་རིགས་ཐད་ཀར་ཉོ་བསྡུ་སོགས་བྱེ་བྲག་གི་ལས་སྒོར་དམིགས་ཏེ་གྲོས་མོལ་བྱས། ཞང་ཀང་གི་བཟའ་བཏུང་ཁེ་ལས་མང་པོས་མཚོ་སྔོན་གྱི་སྤུས་ལེགས་ཟས་རིགས་ལ་དགའ་མོས་ཡོད་པའི་འདོད་ཚུལ་བསྟན། ཕྱོགས་གཉིས་ཀས་གཅིག་གྱུར་གྱིས་བལྟས་ན། མཚོ་སྔོན་གྱི་ཁྱིམ་ཚང་གསོལ་སྟོན་ཞེས་པའི་ཟོང་རྟགས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས། མཚོ་སྔོན་དང་ཞང་ཀང་ས་གནས་གཉིས་ཀྱི་བཟའ་བཏུང་ཐོན་ལས་མུ་ཕྲེང་མཐུན་སྦྱོར་འཕེལ་རྒྱས་ཀྱི་མདུན་ལྗོངས་ཇེ་ཡངས་སུ་བཏང་ན། མཐོ་སྒང་སྐྱེ་ཁམས་ཟས་རིགས་དེ་ཞིང་ས་དང་འབྲོག་ར་ནས་ཐད་ཀར་ཞང་ཀང་གི་ཟས་ཅོག་སྟེང་བཀྲམ་པར་སྔར་ལས་སྐུལ་འདེད་གཏོང་ཐུབ་པས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་ཐུབ་པར་འདོད།