ཟླ8པའི་ཚེས15ཉིན་གྱི་སྔ་དྲོ། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་འགན་སྒྲུབ་བྱས་པའི། 2026ལོའི“8·15རྒྱལ་ཡོངས་སྐྱེ་ཁམས་ཉིན་མོའི”མཚོ་སྔོན་གྱི་དྲིལ་སྒྲོག་ཕྲེང་བསྟར་བྱེད་སྒོ་ཟི་ལིང་གྲོང་ཁྱེར་དཀྱིལ་སྙིང་ཐང་ཆེན་དུ་སྤེལ་མགོ་བརྩམས་པ་དང་། ད་ལོའི་བྱེད་སྒོས“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལྗང་མདོག་རང་མདངས་སྔར་ལས་རྫོགས་པར་བྱ་རྒྱུ”བརྗོད་དོན་དུ་བཟུང་ཡོད།
ཉེ་བའི་ལོ་འདི་དག་གི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ནན་མོ་བྱས་ཏེ། “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་ངེས་གནས་དང་། “སྔར་ལས་གལ་འགངས་ཆེ་བ་གསུམ”གྱི་འཐབ་ཇུས་གནས་བབ་ལ་དམ་པོར་དམིགས་པ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་དང་“ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་གལ་ཆེན་བློ་ཐག་རྦད་ཆོད་ཀྱིས་ཁུར་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ནུས་ཤུགས་ཡོད་རྒུས་བསྐྲུན་པ་དང་། “བར་དུམ་གཉིས་དང་ས་ཁུལ་གསུམ”གྱི་སྐྱེ་ཁམས་བདེ་འཇགས་ཀྱི་རྣམ་པ་མགྱོགས་མྱུར་ངང་བསྐྲུན་པ། སྐྱེ་ཁམས་ལྕགས་རིའི་ནུས་པ་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་བ། ལྗང་མདོག་གི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་བཏང་ཡོད། ཞིང་ཆེན་ཡོངས་ཀྱིས་རི་ཆུ་ནགས་གསུམ་དང་ཞིང་ས་མཚེའུ། རྩྭ་ཐང་། བྱེ་ཐང་བཅས་ཀྱི་མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱ་རྒྱུར་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་བཏང་སྟེ། ཐང་རྒོད་ཅན་དང་བྱེ་འགྱུར་ས་ཆའི་རྒྱ་ཁྱོན“ཉིས་བརྩེགས་ཉུང་གཏོང་”མངོན་འགྱུར་བྱུང་བ་དང་། རླུང་ཁམས་ཆེན་མོ་དང་ཆུ། ས་རྒྱུའི་ཁོར་ཡུག་གི་སྤུས་ཚད་ལེགས་པོ་རྒྱུན་འཁྱོངས་ཐུབ་ཡོད་ཅིང་། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཞིང་ཆེན་ནས་བཞུར་སའི་བཅད་ངོས་ཀྱི་ཆུའི་སྤུས་ཚད་རིགསⅡཡན་དུ་བརྟན་པོའི་ངང་རྒྱུན་འཁྱོངས་ཐུབ་་ཡོད་པར་མ་ཟད། “ཀྲུང་ཧྭའི་ཆུ་མཛོད”སྔར་ལས་སྲ་བརྟན་དང་ཕུན་སུམ་ཇེ་ཚོགས་སུ་སོང་ཡོད། དུས་མཚུངས་སུ། སྐྱེ་ཁམས་རིན་ཐང་ཚུལ་སྒྱུར་གྱི་ཐབས་ལམ་རྒྱུན་མཐུད་ངང་རྒྱ་ཆེར་བཏང་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་རྒྱུ་དང་ཐོན་ལས“གནས་བཞི”འཛུགས་སྐྲུན་བྱ་རྒྱུར་དམིགས་ཏེ། ཐོན་ལས་འཕེལ་རྒྱས་སྐྱེ་ཁམས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ནས། སྐྱེ་ཁམས་ཡུལ་སྐོར་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སོགས་མཚོ་སྔོན་གྱི་དཔལ་འབྱོར་འཕར་བའི་ཁྱད་སྟོབས་མངོན་ས་གསར་བ་རུ་གྱུར་ཡོད།
བྱེད་སྒོ་སྤེལ་བའི་ཉིན་དེར།《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་བསྡོམས་འབོར(GEP)ཞིབ་རྩིས་ལག་རྩལ་ཚད་གཞིའི》ས་གནས་ཚད་གཞི་དངོས་སུ་ཁྱབ་སྒྲོག་བྱས། དེ་ནི་མཚོ་སྔོན་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བྱས་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བའི་གནད་འགག་གི་གོམ་སྟབས་ཤིག་ཀྱང་ཡིན་ཞིང་། དེའི་ཐོག་ནས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལས་དོན་དེ“སྔོན་ལ་འཚོལ་ཞིབ”ནས“ཚད་ལྡན་སྣེ་ཁྲིད”ཕྱོགས་སུ་དངོས་སུ་བསྐྱོད་ཟིན་པ་མཚོན་ཐུབ། ཚད་གཞི་དེས་རྒྱལ་ཁབ་ཀྱི་ཚད་གཞིར་དམིགས་ཚད་ནན་མོ་བཟུང་བར་མ་ཟད། མཚོ་སྔོན་གྱི་ཁྱད་ཆོས་ཀྱང་གང་ལེགས་མངོན་ཡོད་དེ། གཅིག་ནི་ས་མཐོའི་སྐྱེ་ཁམས་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་བྱས་ནས། “རི་ཆུ་ནགས་གསུམ་དང་ཞིང་ས་མཚེའུ། རྩྭ་ཐང་དང་བྱེ་ཐང”བཅས་ལ་ཁྱབ་པའི་རྒྱུ་རྐྱེན་གཙོ་བོའི་ཞིབ་རྩིས་མ་ལག་བཙུགས་ཏེ། ཚྭ་མཚོའི་ཐོན་ཁུངས་ཀྱི་སྐྱེ་ཁམས་ནུས་པ་དང་ས་མཐོའི་འཁྱགས་སའི་ཐཱན་སྲ་སོགས་ཀྱི་ཁྱད་ལྡན་དམིགས་ཚད་ཇེ་མཐོར་སོང་ཡོད། གཉིས་ནི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས། གཙོད་དང་གཟིག་སོགས་རྩ་ཆེའི་རི་སྐྱེས་སྲོག་ཆགས་འཚོ་ཁུལ་སྲུང་སྐྱོབ་ཕན་འབྲས་ཚད་འབེབས་དཔེ་དབྱིབས་བཟོ་རྒྱུར་ཤུགས་བསྣན་ཡོད། གསུམ་ནི་ས་གནས་ཅན་གྱི་གནད་ལ་འཁེལ་བའི་བཀོལ་སྤྱོད་ལ་མཐོང་ཆེན་བྱས་ནས། གཙོ་གནད་འབབ་རྒྱུད་ཀྱི་དངོས་སུ་ཚད་ལེན་བྱས་པའི་གྲངས་གཞིས་ཀུན་སྤྱོད་དཔྱད་གྲངས་ཀྱི་ཚབ་བྱས་ཏེ། ཞིབ་རྩིས་བྱས་འབྲས་མཚོ་སྔོན་གྱི་དོན་དངོས་དང་སྔར་ལས་འཚམ་པར་བྱས་ནས། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་སྒྱུར་རྒྱུར་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།