ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོང་གསེབ་དར་སྤེལ་གཏོང་བའི“བཅའ་ཁྲིམས་གཅིག་དང་སྲོལ་ཡིག་གཅིག”གི་ཁྲིམས་འཛིན་ཞིབ་བཤེར་ལས་སྒོ་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ8པའི་ཚེས10ཉིན་ནས་ཚེས12ཉིན་བར་དུ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས》དང་། 《མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》གི་ཐད་ནས་ཁྲིམས་འཛིན་ཞིབ་བཤེར་བྱས།

ཞིབ་བཤེར་ཚན་ཆུང་མོན་ཡོན་ཧོས་རིགས་རང་སྐྱོང་རྫོང་དང་མདོ་ལ་རྫོང་དུ་སོང་ནས། སྔ་རྗེས་སུ་མཚོ་སྔོན་ཏུང་ཞའོ་སྐྱེ་ཁམས་ཞིང་ལས་ཞབས་ཞུ་ཚད་ཡོད་ཀུང་སི་དང་མདོ་ལ་བོད་ལུག་ཐོན་ལས་འཕེལ་རྒྱས་ཞིབ་འཇུག་གླིང་། ཁེ་ལས་ཆེས་ཆུང་གྲས་གསོ་སྐྱོང་གླིང་སོགས་སུ་སོང་སྟེ། ཡུལ་དངོས་སུ་འདྲི་རྩད་དང་དཔྱད་ཡིག་ལྟ་ཀློག་སོགས་ཀྱི་བྱེད་ཐབས་བརྒྱུད་ནས། གྲོང་གསེབ་དར་སྤེལ་གྱི“བཅའ་ཁྲིམས་གཅིག་དང་སྲོལ་ཡིག་གཅིག”ལག་བསྟར་བྱས་པའི་གནས་ཚུལ་ལ་ཁྱོན་ཡོངས་ནས་རྒྱུས་ལོན་བྱས་པར་མ་ཟད། གཞི་རིམ་ལས་བྱེད་པ་དང་ཁེ་ལས་ཀྱི་འགན་འཁུར་བ། རོང་འབྲོག་མང་ཚོགས་བཅས་དང་མཉམ་དུ་བཞུགས་མོལ་སྤེལ་རེས་བྱས།

ཞིབ་བཤེར་ཚན་ཆུང་གིས་ནན་གྱིས་བསྟན་དོན། གྲོང་གསེབ་དར་སྤེལ་གཏོང་རྒྱུ་ནི་དུས་རབས་གསར་པའི“ཞིང་གསུམ”ལས་དོན་གྱི་སྤྱིའི་གཞི་འཛིན་ས་ཞིག་དང་། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ། འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཐུན་མོང་ཕྱུག་འགྱུར་ཡོང་བ་བཅས་ཀྱི་འཐབ་ཇུས་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་ཡིན། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོས“བཅའ་ཁྲིམས་གཅིག་དང་སྲོལ་ཡིག་གཅིག”གི་ཁྲིམས་བཀོད་འགན་འཁྲི་དང་ལམ་ལུགས་ཀྱི་བླང་བྱར་དམ་པོར་དམིགས་ཏེ། མཚོ་སྔོན་གྱི་གྲོང་གསེབ་དར་སྤེལ་གྱི་གཙོ་གནད་ལས་འགན་ལ་དམིགས་ནས།  ཁྱད་ལྡན་ཞིང་ཕྱུགས་ཐོན་ལས་རྒྱུན་མཐུད་ངང་སྟོབས་ལྡན་དུ་གཏོང་དགོས་པ་དང་། འབྲེལ་ཐག་སྣུར་སྲིང་དང་འབྲེལ་ཐག་གསབ་པ། འབྲེལ་ཐག་སྟོབས་ལྡན་དུ་གཏོང་བར་དམིགས་ཏེ། གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། གྲོང་གསེབ་ཀྱི་འཇོན་མི་ནང་འདྲེན་གསོ་སྐྱོང་དང་གྲོང་གསེབ་ཀྱི་འཇོན་མི་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོང་གསེབ་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་རྒྱས་པར་བྱེད་དགོས། མཐོ་སྒང་གི་ཁྱད་ལྡན་གྲོང་གསེབ་ཀྱི་རིག་གནས་འཛུགས་སྐྲུན་ཟབ་སྤེལ་བཏང་ནས། ཡ་རབས་གྲོང་གསེབ་ཀྱི་སྲོལ་རྒྱུན་དང་ཁྱིམ་སྲོལ་བཟང་བོ། དམངས་སྲོལ་བཟང་བོ་བཅས་གསོ་སྐྱོང་བྱས་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཚད་མཐའ་བརྟན་སྲུང་དང་། ཞིང་ཕྱུགས་ལས་ལྗང་མདོག་འཕེལ་རྒྱས་དང་གྲོང་གསེབ་ཀྱི་སྐྱེ་ཁམས་བཅོས་སྐྱོང་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་ཏེ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་ལྕགས་རི་བཀན་མོ་བསྐྲུན་དགོས། གྲོང་གསེབ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། མཉམ་སྐྲུན་དང་མཉམ་སྐྱོང་། མཉམ་སྤྱོད་བཅས་ཀྱི་གྲོང་གསེབ་བཅོས་སྐྱོང་གི་རྣམ་པ་གསར་བ་གྲུབ་པར་འབད་བརྩོན་བྱེད་དགོས་པར་བསྟན།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།