ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་པ་དང་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ8པའི་ཚེས14ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས། རང་ཞིང་གི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས།

གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱིར་སྡོད་རང་མིའི་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ། བསམ་བློའི་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་། ཏང་གི་ཕྱིར་སྡོད་རང་མིའི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། རྒྱལ་ཡོངས་ཀྱི་ཕྱིར་སྡོད་རང་མིའི་བྱ་བའི་ཚོགས་འདུའི་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱེད་པ་དང་། “ཕྱིར་སྡོད་རང་མིར་ཞབས་འདེགས་ཞུ་བའི་རིམ་སྤོར་ལོའི”ཆེད་དོན་བྱ་སྤྱོད་དམ་འཛིན་ནན་མོ་བྱས་ནས། ཕྱིར་སྡོད་རང་མིའི་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། “ཕྱིར་སྡོད་རང་མིའི་ལས་དོན་ཆེན་པོའི”བྱ་བའི་རྣམ་པ་གྲུབ་པར་བྱས་ནས། རྒྱ་ཆེའི་ཕྱིར་སྡོད་སྤུན་ཟླ་དང་བོད་རིགས་སྤུན་ཟླ། ཕྱིར་ལོག་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་བཅས་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཁོ་ཚོས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་ནུས་པ་སྔར་ལས་ཆེ་བ་འདོན་རྒྱུར་ཁྲིད་སྟོན་དང་སྐུལ་ལྕག་བྱེད་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱ་བའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱ་བའི་སྐོར་གྱི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སྔར་ལས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། བསམ་བློའི་ངོས་འཛིན་དངོས་གནས་མཐོ་རུ་གཏོང་བ་དང་གཙོ་གནད་རྣམ་གྲངས་དམ་འཛིན་ནན་མོ་བྱས་ཏེ། ལས་རིགས་ཟང་ཟིང་གི་འབྱུང་རྩ་དང་གཏིང་རིམ་གྱི་སྒྲིག་སྲོལ་དང་རྐྱེན་སྲོལ་གྱི་གནད་དོན་ལ་དམ་པོར་དམིགས་ནས། དམིགས་སའི་རང་བཞིན་ཆེ་བའི་སྲིད་ཇུས་དང་བྱ་ཐབས་ཁག་ཅིག་འདོན་རྒྱུར་སྐུལ་འདེད་བཏང་སྟེ། དུས་འགོའི་གཅིག་སྡུད་བཅོས་སྒྲིག་གི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་དང་། འཕེལ་རིམ་གྱི་ཕན་འབྲས་ལ་དུས་ཐོག་ཏུ་དཔྱད་འཇོག་བྱས་ཏེ། གཅིག་སྡུད་བཅོས་སྒྲིག་ལ་གྲུབ་འབྲས་སྔར་ལས་ལེགས་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཀྲུང་དབྱང་ཏང་འཛུགས་སྐྱོང་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་དང་རྒྱལ་ཡོངས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་བྱ་བའི་ཉམས་མྱོང་བརྗེ་རེས་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཚད་གཞི་ནན་མོ་དང་སྤྱོད་ཚུལ་ཏན་ཏིག་རྒྱུན་འཁྱོངས་བྱས་ནས། སློབ་སྦྱོང་སློབ་གསོའི་དཔྱད་འཇོག་ཕྱོགས་སྡོམ་ལ་ཁྱོན་ཡོངས་ནས་དམ་འཛིན་ཡག་པོ་བྱེད་པ་དང་། ཆད་ལུས་ཞིབ་བཤེར་དང་ཆད་གསབ་ཏན་ཏིག་བྱས་ནས། སློབ་སྦྱོང་སློབ་གསོའི་ལས་དོན་སྒྲུབ་མཁས་པ་དང་མགོ་ཡོད་མཇུག་ཡོད་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ཏེ། ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་འཇོག་པ་དང་། ཏང་འཛུགས་སྐྱོང་དང་ལས་སྒོའི་བྱ་བར་གཅིག་འདོམས་དམ་འཛིན་ཡག་པོ་བྱས་ནས། ཉམས་སད་ཐེག་ཐུབ་པའི་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་བྱ་བའི་དཔུང་ཁག་རྒྱུན་མཐུད་ངང་བཙུགས་སྟེ། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་བྱ་བ་མདུན་དུ་སྐྱོད་པ་དང་མིག་དཔེ་སྟོན་རྒྱུར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་ཀྱི་འཕྲིན་བཅར་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པ་དང་། 《འཕྲིན་བཅར་བྱ་བའི་སྲོལ་ཡིག》ལག་བསྟར་ནན་མོ་བྱས་ནས། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི“གཅིག་འཐུས་རྣམ་པའི”འགལ་བ་དང་རྩོད་གཞི་འདུམ་འགྲིག་ཐག་གཅོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། འཕྲིན་བཅར་གྱི་འབྱུང་རྩ་ནས་བཅོས་སྒྲིག་བྱ་རྒྱུར་དམ་འཛིན་ཏན་ཏིག་བྱས་ནས། མཉམ་འཛིན་མཉམ་སྒྲུབ་ཀྱི་འཕྲིན་བཅར་བྱ་བའི་རྣམ་པ་སྲ་བརྟན་དུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་དངོས་གནས་སྲུང་སྐྱོང་བྱེད་དགོས།

གྲོས་ཚོགས་ལས་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་པ་དང་། ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།