མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཚན་རིག་ལག་རྩལ་བྱ་དགའ་གནང་བའི་ཚོགས་ཆེན་བསྡུས་པ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།
 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས12ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཚན་རིག་ལག་རྩལ་བྱ་དགའ་གནང་བའི་ཚོགས་ཆེན་ཟི་ལིང་དུ་བསྡུས། ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའ་གནང་བའི་ཚོགས་ཆེན་དང་། ཀྲུང་གོའི་ཚན་རིག་གླིང་དང་ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོན་ཧྲིའི་ཚོགས་ཆེན། ཀྲུང་གོའི་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་བཅས་ཀྱི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་སྤེལ་བཏང་བའི་ཐད་བྱས་རྗེས་འབུར་ཐོན་བཞག་པའི་ཚན་རྩལ་མི་སྣ་དང་ཚན་རིག་ཞིབ་འཇུག་ཚོགས་པར་གཟེངས་བསྟོད་དང་བྱ་དགའ་གནང་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་གསར་གཏོད་སྐུལ་འདེད་འཕེལ་རྒྱས་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཐད་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས་པའི་སྐུལ་མ་བཏང་།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་མགོ་འཛིན་བྱས། ཞིང་ཆེན་གྱི་མགོ་ཁྲིད་མགོན་པོ་བཀྲ་ཤིས་དང་ལིའུ་ཆི་ཧྥན། དབྱང་ཧྥེང་ཁྲུན། ཀྲུའུ་ཞང་ཧྥེང་། ཚའོ་ཅུན། ཁྲེང་ཅི་ཝེ་བཅས་ཚོགས་འདུར་ཞུགས། ཚོགས་འདུ་ལས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི2025ལོའི་མཚོ་སྔོན་ཞིང་ཆེན་གྱི་ཚན་རིག་ལག་རྩལ་བྱ་དགའི་སྐོར་གྱི་ཐག་གཅོད་སྒྲོག་འདོན་བྱས་པ་དང་། ཚོགས་འདུར་ཞུགས་པའི་ཞིང་ཆེན་གྱི་མགོ་ཁྲིད་པས་བྱ་དགའ་ཐོབ་པའི་འཐུས་ཚབ་མི་སྣར་བྱ་དགའ་གནང་། བྱ་དགའ་ཐོབ་པའི་འཐུས་ཚབ་པ་ལི་ལི་ཅོན་དང་མའེ་ཧྲེང་ཝུའེ། ལི་ཅིང་བཅས་ཀྱི་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད།

ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་བྱ་དགའ་ཐོབ་པའི་ལས་ཁུངས་དང་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་རྣམས་ལ་བླ་ན་མེད་པའི་གུས་འདུད་ཞུས། ཁོང་གིས་བསྟན་དོན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ནི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གནད་འགག་གི་འགག་སྒྲོལ་དུས་སྐབས་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚན་རྩལ་གསར་གཏོད་ཐད་ཀྱི་རྒྱས་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་། རང་འགུལ་ངང་རྒྱལ་ཡོངས་གསར་གཏོད་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་འདྲེས་པར་བྱེད་པ། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་རྒྱུ་དེ་ལས་འགན་གཙོ་བོར་བརྩི་བ་དང་མ་ལག་མཐུན་སྦྱོར་དེ་བྱེད་ཐབས་གཙོ་བོར་བརྩི་བ། ཁྱད་ཆོས་བསྐྲུན་རྒྱུ་དེ་དམིགས་འབེན་གཙོ་བོར་བརྩི་རྒྱུ་བཅས་རྒྱུན་འཁྱོངས་བྱེད་པ། གསར་གཏོད་མ་ལག་གི་ཕྱོགས་བསྡུས་ཕན་ནུས་ཕྱོགས་ཡོངས་ནས་ཇེ་ཆེར་གཏོང་བ་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཐད་འཕེལ་རྒྱས་གསར་པ་འབྱུང་བར་སྐུལ་འདེད་གཏོང་དགོས། མ་ལག་ཅན་གྱི་འགག་སྒྲོལ་ནུས་པ་སྔར་ལས་ཆེ་རུ་བཏང་སྟེ། ཁྱབ་ཁོངས་གཙོ་བོའི་ལག་རྩལ་དཀའ་གནད་སྔོན་ལ་ཐག་བཅད་ནས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཚན་རྩལ་གསར་གཏོད་སྟོབས་ཤུགས་གཅིག་བསྡུས་བྱེད་དགོས། ཐོན་སློབ་ཞིབ་གསུམ་མཉམ་འདྲེས་ཀྱི་གསར་གཏོད་ལ་སྐུལ་སྤེལ་གཏོང་བ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་གནས་བཞིའི་འཛུགས་སྐྲུན་ཐད་གནད་ལ་འཁེལ་བའི་ངང་བྱེད་ནུས་བསྩལ་ཏེ་གསར་གཏོད་དེ་ཐོན་ལས་རིམ་སྤོར་གྱི་སྐུལ་འདེད་སྒུལ་ཤུགས་གཙོ་བོར་འགྱུར་བར་བྱེད་དགོས། གསར་གཏོད་འཇོན་མི་ཕྱོགས་ཡོངས་ནས་སྐྱེད་སྲིང་བྱེད་པ་དང་། འཇོན་མི་རྩེ་གྲ་ནང་འདྲེན་དང་རང་ས་གནས་ཀྱི་འཇོན་མིའི་དཔུང་སྡེའི་གསོ་སྐྱོང་ལ་ཤུགས་བསྣན་ནས། ཚན་རིག་ཞིབ་འཇུག་མི་སྣའི་གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་གང་ལེགས་སྒོས་བསྐྱེད་དགོས། ཚན་རྩལ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་མཉམ་དུ་མཐོང་ཆེན་བྱ་རྒྱུ་དང་། སྐུལ་སློང་དང་གཅུན་སྡོམ་མཉམ་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཚན་རྩལ་གསར་གཏོད་ཐད་ལམ་ལུགས་ཀྱི་རྨང་གཞི་བརྟན་པོ་ཆགས་པར་བྱེད་དགོས། ཏང་གི་ཚན་རྩལ་གསར་གཏོད་བྱ་བའི་ཐད་ཀྱི་མགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་རྩ་འཛུགས་འགན་སྲུང་ཇེ་དྲག་ཏུ་གཏོང་བ། གསར་གཏོད་ཁོར་ཡུག་ལེགས་བསྒྱུར་བྱེད་པ། སྣང་ཚུལ་ལེགས་པོ་བསྐྲུན་པ་བཅས་བྱས་ཏེ། མཚོ་བོད་མཐོ་སྒང་གི་ཚན་རྩལ་གསར་གཏོད་ཀྱི་མཐོ་ས་འབད་པས་བསྐྲུན་དགོས།

ལུའོ་ཏུང་ཁྲོན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འགག་སྒྲོག་ལས་འགན་ལ་ཤེས་རྟོགས་ཟབ་མོ་བྱེད་པ་དང་། ཚན་རྩལ་གསར་གཏོད་བྱ་བ་ལེགས་པོར་བསྒྲུབ་པའི་ཆབ་སྲིད་རང་རྟོགས་དང་བསམ་བློའི་རང་རྟོགས། བྱ་སྤྱོད་རང་རྟོགས་བཅས་ཇེ་དྲག་ཏུ་གཏོང་བ། “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ལ་རྐང་བཙུགས་ཏེ། རང་འགུལ་ངང་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲིད་ཕྱོགས་དང་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དཔེ་བསྡུར་བྱེད་པ། ཚན་རྩལ་སྒྲིག་གཞིའི་བཅོས་སྒྱུར་ལ་སྐུལ་འདེད་ནན་མོ་གཏོང་བ། ཚན་རྩལ་གསར་གཏོད་སྟེགས་བུའི་འཛུགས་སྐྲུན་ལ་གཅིག་འདོམས་སྐུལ་འདེད་གཏོང་བ། མ་ལག་ཅན་གྱི་ཚན་རྩལ་གསར་གཏོད་འགག་སྒྲོལ་བྱེད་ནུས་ཇེ་དྲག་ཏུ་གཏོང་བ་དང་མགྱོགས་མྱུར་ངང་གྲུབ་འབྲས་ཚུལ་སྒྱུར་བེད་སྤྱོད་བྱེད་པ། མགྱོགས་མྱུར་སྒོས་ཕུལ་བྱུང་ན་གཞོན་ཚན་རྩལ་འཇོན་མི་སྐྱེད་སྲིང་བྱེད་པ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་དགོས། །

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།