མཚོ་སྔོན་ཞིང་ཆེན་རྨ་འབྲི་རྫ་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་ཨ་ཆེན་གངས་རྒྱབ་སྲུང་སྐྱོབ་ཁུལ་གྱི་གཙོད་ཕྲུག
མཐོ་སྒང་གི་དབྱར་ཁར་ག་ས་གང་དུ་སྐྱེ་སྟོབས་ཀྱི་དཔལ་འབར།
མཚོ་སྔོན་གྱི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་འབབ་པའི་རྨ་ཀླུང་སྔོན་མོ་དེ་ཚལ་རྔ་འགག་ཆུ་མཛོད་དུ་བབས་ན་པ་ན་གཡུ་ཡི་མེ་ལོང་ས་ལ་སྤུད་པ་དང་མཚུངས་ཤིང་། འགྲམ་ངོགས་ཀྱི་ཏན་ཞ་རི་རྒྱུད་ནི་མེ་ལྕེ་དམར་པོ་ཞིག་དང་འདྲ་བར་སྔོ་ལྗང་ནགས་ཚལ་གྱི་ཁྲོད་ན་མཛེས་ཤིང་ལྟ་ན་སྡུག ། ཆུ་འགག་གི་སྟེང་དུ་འགྲེང་ནས་རྒྱང་ལ་བལྟས་ན། མི་རིང་བའི་སར་ཁོར་སྲུང་གི་མཚོན་རྟགས་དེ་རི་ཆུའི་མཛེས་པ་དང་ལྷན་དུ་གཅིག་ལ་གཅིག་བརྟེན་དུ་གནས། འདི་ལྟའི་ཡིད་དུ་འོང་བའི་ཡུལ་ལྗོངས་ནི་ཁྲིམས་སྐྱོང་གི་འགན་སྲུང་སྟོབས་ལྡན་ལ་འབྲལ་ཐབས་མེད།
སྣོད་བཅུད་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང་ད་ལོའི་ཟླ8ཚེས15ཉིན་ནས་བཟུང་ལག་ལེན་བྱ་རྒྱུ་རེད། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་བསམ་བློར་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་གཏིང་ཟབ་བྱས་ནས་བཅའ་ཁྲིམས་ཁྱོན་ཡོངས་དང་ནུས་ལྡན་ངང་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་ཆེད། ཉིན་ཤས་གོང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིང་གིས་སྣེ་ཁྲིད་དེ་གཉེར་བའི་ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོབ་ཀྱི་དུས་རབས་ལས་སྒོ་སྟེ2026ལོའི་དྲིལ་བསྒྲགས་བྱེད་སྒོ་མཚོ་སྔོན་དུ་སྤེལ། ཐེངས་འདིའི་བྱེད་སྒོའི་བརྗོད་བྱང་ལ“སྣོད་བཅུད་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང་ལག་བསྟར་བྱས་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་དགོས”ཞེས་པ་དེ་རེད། གསར་འགོད་པས་ཟི་ལིང་གྲོང་ཁྱེར་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོགས་སུ་བཅར་འདྲིར་བསྐྱོད་ཏེ་མཚོ་སྔོན་གྱིས་ཁྲིམས་སྐྱོང་ཀྱི་སྟོབས་ཤུགས་ལ་བརྟེན་ནས“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོང་དང་། “གཙང་པོ་གཅིག་གི་ཆབ་རྒྱུན་ཤར་ཕྱོགས་སུ་འབབ་པ”ལ་འགན་ལེན་ཇི་ལྟར་བྱས་སྐོར་ར་སྤྲོད་བྱས།
རྒྱལ་ཁབ་ཀྱི་བཅའ་ཁྲིམས་དོན་འཁྱོལ་ཧུར་ཐག་བྱས་ནས་སྐྱེ་ཁམས་ཀྱི་སྲུང་ཡོལ་བརྟན་པོ་བསྐྲུན་དགོས།
རགས་ཆེན་བརྗིད་ཉམས་ལྡན་ལ་རླབས་འགྱུ་སྔོ་ཐིང་ཐིང་། ཟླ7ཚེས23ཉིན་ཚལ་རྔ་འགག་ཆུ་གློག་ས་ཚིགས་ན། ཉ་རིགས་སྐྱེ་འཕེལ་གྱི་ཆེད་དུ་ཉ་རིགས་དུ་མ་ཆུར་གཏོར་བའི་བྱེད་སྒོ་ཞིག་སྤེལ་བཞིན་ཡོད་ཅིང་། ལས་ཀ་བས་ཆུ་ཟོམ་དལ་མོར་ས་ལ་གཟར་པ་དང་། ཟོམ་ནང་གི་ཉའུ་རྣམས་ཤར་མར་ཤུད་ལམ་བརྒྱུད་དེ་མ་ཡུམ་ཆུ་བོའི་པང་དུ་མཆོང་ལྡིང་བྱེད་པ་མཐོང་བྱུང་།
“རྨ་ཆུ་སྲུང་སྐྱོང་བཅའ་ཁྲིམས་ནི2022ལོའི་ཟླ10བར་གྲོས་འཆམ་བྱུང་ཞིང་། དེའི་ནང་དུ་ཉ་རིགས་སོགས་ཆུ་སྐྱེས་སྐྱེ་དངོས་ལོག་རྐྱལ་ལ་འགོག་རྐྱེན་བཟོ་བའི་ཆུ་རྒལ་ལས་གྲྭས་ངེས་པར་དུ་དོན་དངོས་དང་ཟུང་འབྲེལ་བྱས་ནས་རྐྱལ་ལམ་སྒྲིག་བཀོད་འཛུགས་སྐྲུན་དང་། གཙང་པོ་དང་མཚེའུ་སྦྲེལ་མཐུད། སྐྱེ་འཕེལ་གཏོང་བ། མི་ཐབས་ལ་བརྟེན་ནས་གསོ་སྤེལ་བྱེད་པ་སོགས་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཆུ་སྐྱེས་སྐྱེ་དངོས་ཀྱི་སྐྱེ་ཁམས་དགོས་མཁོ་སྐོང་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད”ཅེས་ཚལ་རྔ་འགག་གློག་ཚིགས་ཀྱི་ཉ་རིགས་སྐྱེ་འཕེལ་ས་ཚིགས་ལས་གཞིའི་སྤྱི་གཉེར་བ་ཞུས་ཧྭ་ཅིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། བཅའ་ཁྲིམས་ལ་གྲོས་ཞིབ་བྱེད་དུས། གློག་ཁང་གི་འཕྲུལ་ཚན5པ་འཛུགས་སྐྲུན་བྱེད་བཞིན་ཡོད། ཆུ་འགག་གློག་ཚོགས་ཀྱིས་ཉ་མོ་ལོག་རྐྱལ་ལ་ཤུགས་རྐྱེན་ཐེབས་པར་བསམ་གཞིགས་བྱས་ཏེ། བཅའ་ཁྲིམས་ཀྱི་བླང་བྱ་དེར་གཞིགས་ནས་གློག་ཁང་རྒྱས་སྐྲུན་བྱེད་པ་དང་དུས་མཚུངས་ལེ་ལག་ཚང་བའི་ཉ་རིགས་སྐྱེ་འཕེལ་ས་ཚིགས་བཙུགས་ནས་ཉ་རིགས་ལ་སྲུང་སྐྱོང་དང་གསོ་སྤེལ་དང་གློད་གཏོང་ཐད་སྤྱོད་ཀྱི་ཡོད་པ་རེད།
སྐྱེ་འཕེལ་ས་ཚིགས་ཀྱི་གསོ་སྐྱོང་འཁོར་ཁང་དུ་ཞེང་ཚད་སྨི་གཉིས་ཙམ་ཡོད་པའི་རྫ་མ་སྔོན་པོ་གྲལ་བསྒྲིགས་ཡོད་ཅིང་། ཆུ་གཟུགས་འཁོར་རྒྱུག་བྱེད་ཀྱི་ཡོད་པས་ཉེའུ་དེའི་ནང་དུ་བག་ཕེབས་ངང་རྐྱལ་བཞིན་ཡོད། ཞུས་ཧྭ་ཅན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། 2024ལོར་འཁོར་ཁང་དེ་དངོས་སུ་འཁོར་སྐྱོད་བྱས་པ་ནས་བཟུང་སྐྱེ་འཕེལ་ས་ཚིགས་དེས་སྔ་རྗེས་སུ་རྨ་ཆུར་ཉ་རིགས་ཁྲི43བཏང་ཡོད། “སྐྱེ་འཕེལ་ས་ཚིགས་ཕུད། གློག་ཁང་གིས་ད་དུང་ཉ་བསྡུས་སྐྱེལ་འདྲེན་མ་ལག་བསྐྲུན་ཏེ། ཚན་རིག་དང་མཐུན་པའི་ལག་ཐབས་ལ་བརྟེན་ནས་ཆུ་རགས་ཀྱིས་བཀག་པའི་ཉ་རིགས་རྣམས་སྟོད་སྨད་གཉིས་ལ་རྐྱལ་ཐུབ་པར་རོགས་རམ་བྱས་པས། རྨ་ཆུའི་ཆུ་སྐྱེས་ཁོར་ཡུག་ལ་སྲུང་སྐྱོང་ནུས་ལྡན་བྱེད་ཀྱི་ཡོད”ཟེར།
ཆུ་བོ་ནས་མཚོ་མཚེའུ་བར་ཁྲིམས་སྐྱོང་གིས་རྒྱུན་མཐུད་ངང་སྲུང་སྐྱོང་ནུས་ལྡན་བྱས་ཡོད།
མཚོ་སྔོན་པོའི་མཚེའུ་འགྲམ་དུ། རླབས་འགྱུ་རླབས་ཀྱིས་དེད་ཅིང་། ཆུ་བྱ་ལྷབ་ལྷུབ་ཏུ་འཕུར། པད་ཁའི་མེ་ཏོག་རྣམ་པར་བཞད་པའི་གསེར་མདོག་གི་ཕ་མཐའ་ན་གངས་དཀར་རི་བོ་གསལ་ལ་མི་གསལ་བར་སྣང་།
2022ལོའི་ཟླ12པར་རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་སོགས་ཀྱིས་མཉམ་འབྲེལ་ཐོག《རྒྱལ་ཁབ་སྤྱི་གླིང་གི་བར་མཐོངས་བཀོད་སྒྲིག་ཇུས་གཞི》པར་འགྲེམས་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གི་འོས་འདེམས་ཁུལ49བདམས་པ་དང་། དེའི་ནང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་འོས་འདེམས་ཀྱི་གྲས་སུ་ཚུད།
མཚོ་སྔོན་པོ་མཛེས་ལྗོངས་ཁུལ་དོ་དམ་ཅུས་རང་བྱུང་ཐོན་ཁུངས་རྒྱུ་ནོར་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་སུན་ཅིན་ཆིང་གིས་འདི་སྐད། རྒྱལ་ཁབ་གླིང་ཀ་དོ་དམ་ཁྲུའུ་ཡི་ཁྲུའུ་“ད་ལོའི་ཟླ་1ཚེས་1ཉིན་ནས་བཟུང་རྒྱལ་ཁབ་སྤྱི་གླིང་བཅའ་ཁྲིམས་དངོས་སུ་ལག་བསྟར་བྱས་ཡོད་པས། ང་ཚོའི་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་གོམ་ཁ་སྔར་བར་ཇེ་བརྟན་དང་ལམ་ཕྱོགས་སྔར་བས་ཇེ་གསལ་དུ་གྱུར”ཞེས་ངོ་སྤྲོད་བྱས་པ་རེད།
མཚོ་སྔོན་པོ་མཛེས་ལྗོངས་ཁུལ་དོ་དམ་ཅུས་ཚན་རྩལ་མཉམ་ལས་དྲིལ་སྒྲོག་སློབ་གསོ་ཁྲུའུ་ཡི་ཁྲུའུ་ཀྲང་ཚེ་རིང་རྒྱལ་གྱིས་འདི་སྐད། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་ལས་ཀ་སྤེལ་ཚུན་ལ་ལས་འགན་ཁག་གོ་རིམ་མ་འཆོལ་བའི་ངང་སྤེལ་ཡོད། ནང་སྒོས་རྒྱལ་ཁབ་སྤྱི་གླིང་བཅའ་ཁྲིམས་ཁྱབ་བསྒྲགས་བྱས་རྗེས། མཚོ་སྔོན་གྱིས་བཅའ་ཁྲིམས་གྱི“སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་དང་། སྲུང་སྐྱོང་དང་འཕེལ་རྒྱས་གཅིག་གྱུར་འཆར་འགོད”། “རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་དམངས་ཡོངས་ཀྱི་སྤྱི་ཕན་རང་བཞིན་མཐའ་འཁྱོངས”། “ཡུལ་བབ་དང་བསྟུན་ཞིང་ཁྱད་ཆོས་མངོན་པར་དོད་དེ་སྲིད་གཞུང་གིས་གཙོ་ཁྲིད་དང་། ཕྱོགས་མང་ཐེ་ཞུགས། སྤྱི་ཚོགས་ཀྱི་མཉམ་སྤྱོད་ལམ་སྲོལ་བཟོ་བ”སོགས་བླང་བྱ་གཞིར་བཟུང་སྟེ། རིམ་དབྱེ་དོ་དམ་དང་། འཆར་འགོད་དོ་དམ་ཚོད་འཛིན། སྤྱོད་སྒོ་རྩིས་སྤྲོད་དོ་དམ་བཀག་སྡོམ་སོགས་ལམ་ལུགས་གཅིག་གྱུར་ཐོག་ཇུས་འགོད་བྱས་པ་དང་། གསར་བཟོ་ཇུས་གཞི་དང་སྤྱིའི་འཆར་འགོད་སོགས་ལ་སླར་ཡང་དཔེ་བསྡུར་དང་འཐུས་ཚང་དུ་བཏང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་སྲུང་སྐྱོང་ཁུལ་དང་སྤྱིར་བཏང་ཚོད་འཛིན་ཁུལ་དང་། སྐྱེ་ཁམས་གནས་སྤོས་ཡུལ་མི་དང་། རྩྭ་ས་སླར་གསོ། སྒྲིག་སྲོལ་ལམ་སྲོལ་སྒྲིག་གཞི་མཐུན་སྦྱོར་སོགས་ལས་དོན་ཁག་གཅིག་གྱུར་འཆར་འགོད་བཟོས་ནས་སྐུལ་འདེད་བཏང་ཡོད།
ཚེ་རིང་རྒྱལ་གྱིས“བཅའ་ཁྲིམས་གྱིས་གསར་འཛུགས་ལས་དོན་ལ་གཞི་འཛིན་ས་གསལ་པོ་ཞིག་བཏོན་ཡོད། ང་ཚོས་ནུས་ཤུགས་ཡོད་རྒུས་གདོང་མཆོང་བྱས་ཏེ་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་སྔ་མོ་ནས་འཛུགས་ཐུབ་པར་བརྩོན་ལེན་བྱེད་བཞིན་ཡོད”ཅེས་བཤད།
ས་གནས་ཀྱི་ཁྲིམས་འཛུགས་ནུས་པ་འདོན་སྤེལ་བྱས་ནས་ཆུ་ཚད་མཐོ་བའི་སྒོ་ནས་འབྱུང་འཕྲོད་གོང་འཕེལ་ལ་སྐུལ་འདེད་བཏང་།
རླངས་འཁོར་ལ་བསྡད་དེ་ཟི་ལིང་བྱང་རིའི་ཏ་ཏུན་ལིང་དུ་སྐྱོད་སྐབས་ཕན་ཧྲན་གཞུང་ལམ་གྱི་གཞོགས་གཉིས་ཀྱི་སྒྲོན་ཤིང་དང་གསོམ་ཤིང་སྔོ་ཐིང་ཐིང་དུ་གཅིག་གིས་གཅིག་འགྲན། རྒྱང་རིང་ནས་རི་ལྡེབས་ལ་བལྟས་ན། མིས་བཟོས་ནགས་ཚལ་དེ་རི་རྒྱུད་ཀྱི་མཐོ་དམའ་དང་བསྟུན་ནས་རླབས་འགྱུར་བཞིན་མིག་ལམ་དུ་སྔོ་ཐིང་ཐིང་མངོན།
སྔོན་ཆད་གནས་དེར་རྩྭ་ཙམ་ཡང་མི་སྐྱེ་བའི་རི་རྒོད་དང་ཐང་སྐྱ་ཞིག་ཡིན། 1989ལོར། ལྷོ་བྱང་རི་བོའི་ནགས་ཚལ་ཁེབས་ཚད7.2%མ་གཏོགས་མེད། 2024ལོར་ནགས་ཚལ་གྱི་ཁེབས་ཚད་བརྒྱ་ཆ79བར་འཕར་ཡོད། འགྱུར་ལྡོག་ཆེན་པོའི་རྒྱབ་ཏུ་ཁྲིམས་སྐྱོང་གི་སྟོབས་ཤུགས་ཐོག་མཐའ་བར་གསུམ་དུ་སྐྱ་འཐིབས་ནས་ཡོད།
“《ཟི་ལིང་གྲོང་ཁྱེར་ལྷོ་བྱང་རི་བོའི་ལྗང་བསྒྱུར་དོ་དམ་སྲོལ་ཡིག》(མན་ཆད་དུ་བསྡུས་མིང་ལ《སྲོལ་ཡིག》ཟེར)བཟོས་པ་དེས་སྔོ་ལྗང་འབྱུང་འཕྲོད་གནོད་མེད་ཤར་བགྲོད་དེར་བཅའ་ཁྲིམས་ཀྱིས་འགན་ལེན་བརྟན་པོ་བྱས་ཡོད”ཅེས་ཟི་ལིང་གྲོང་ཁྱེར་ལྷོ་བྱང་རི་བོའི་ལྗང་སྒྱུར་བཀོད་འདོམས་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཐའོ་ཅིང་གིས་ངོ་སྤྲོད་བྱས། 《སྲོལ་ཡིག》ནི1990ལོར་བཏོན་པ་དང་། 2014ལོ་དང་2021ལོར་བཟོ་བཅོས་གཏན་འཁེལ་གལ་ཆེན་ཐེངས་གཉིས་བྱས་པས་དུས་བབ་གསར་པ་དང་འཚམ་པ་བྱུང་ཡོད།
ཐའོ་ཅིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། དེ་སྔ་ལྷོ་བྱང་རིར་གཙོ་བོར“སྲུང་སྐྱོབ”དགོས་པ་ནན་བཤད་བྱེད་ཀྱི་ཡོད་པ་དང་། གྲོང་མི་རྐང་ཐང་དུ་འཛེགས་པ་ལས་ཚོང་ལས་སོགས་གཉེར་མི་ཆོག་བྱས་ཡོད། 2021ལོར་བཟོ་བཅོས་གཏན་འཁེལ་བྱས་རྗེས《སྲོལ་ཡིག》ནང་དུ“སྔོན་ལ་སྲུང་སྐྱོང་དང་། ལུགས་མཐུན་བེད་སྤྱོད”ཀྱི་རྩ་དོན་ཁ་གསལ་བཟོས་པ་དང་། རིག་གནས་ཡུལ་སྐོར་བྱེད་སྒོ་དང་། རང་བྱུང་སློབ་གསོ། ཕྱི་རོལ་འགུལ་སྐྱོད་བཅས་ལ་ལམ་ལུགས་ཀྱི་བར་སྟོང་བཞག་ཡོད། ད་ཆ་ལྷོ་བྱང་རི་སྟེང་དུ་ལྕགས་རྟ་འགྲན་བསྡུར་སྐབས་གཉིས་ལ་གཉེར་བ་དང་། རིག་གནས་ཡུལ་སྐོར་ཅུས་དང་ལུས་རྩལ་ཅུས་ཀྱིས་མཉམ་འབྲེལ་ཐོག་རྐང་ཐང་བྱེད་སྒོ་སྤེལ་ཡོད།
མཚོ་སྔོན་ཞིང་ཆེན་ལྷོ་བྱང་རི་བོ་ལྗང་སྒྱུར་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲང་ཁྲོང་ཅུས་ཀྱིས་འདི་སྐད། ད་ཆ་ལྷོ་བྱང་རི་དེ་ཕྱི་རོལ་གྱི་རང་བྱུང་ཉམས་ལེན་བྱ་ཡུལ་ཏུ་གྱུར་ནས་མི་ཐེངས་ཁྲི་200ཙམ་ལ་སྣེ་ལེན་ཞུ་ས་ཞིག་ཏུ་གྱུར་ཡོད། བརྟན་འཇགས་ཀྱི་ཁེ་ཕན་སྔོན་དཔག་ཡོད་ན་སྤྱི་ཚོགས་གིས་ཀྱང་སྲུང་སྐྱོང་ལས་དོན་ཐད་མ་དངུལ་འདོད་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། ཉེ་བའི་ལོ་ཤས་རིང་ལྷོ་བྱང་རི་བོ་ལྗང་སྒྱུར་ཐད་ཁྱོན་མ་དངུལ་སྒོར་དུང་ཕྱུར24ཙམ་བཏང་ཞིང་། དེའི་ནང་གི་མ་དངུལ་མི་ཉུང་བ་ཞིག་ནི་སྤྱི་ཚོགས་གྱི་མ་དངུལ་ཡིན་པ་རེད།
ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྱི“འཇའ་ཤིང་མཁྲེགས་པོ”རྒྱུན་མཐུད་གྱིས་མཁོ་འདོན་དང་། སྤྱི་ཚོགས་ལས་རིགས་ཁག་གི་སྟོབས་ཤུགས་རྒྱུན་ཆད་མེད་པར་གཅིག་ཏུ་བསྡུས་བཅས་བྱས་པའི་མཐར་རི་སྐྱ་བོ་ཡང་སྔོ་ལྗང་དུ་བསྒྱུར་ཏེ་གྲོང་ཁྱེར་གྱི“གློ་བ”ལྟ་བུར་གྱུར་ཡོད།
ཟི་ལིང་ནས་ཁ་བྲལ་ཏེ་ནུབ་ཕྱོགས་སུ་བསྐྱོད་ན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་བཏུལ་ཐང་དུ་བསླེབས།
མུ་མཐའ་མེད་པའི་འོད་ཤུགས་པང་ལེབ་མཁའ་མཐར་བཀྲམས་པ་ནི་ཡངས་པའི་རྒྱ་མཚོ་ཆེན་པོ་ཞིག་དང་མཚུངས། དེ་ནི་ཅི་ཉི་སིའི་འཛམ་གླིང་ཟིན་ཐོ་ཡིས་ཁས་ལེན་དཔང་འདོན་བྱས་པའི“འཛམ་གླིང་ཐོག་གློག་འདོན་ཤུགས་ཆེ་ཤོས་ཀྱི་འོད་ཤུགས་གློག་གཏོང་གླིང་ཁུལ”སྟེ་བཏུལ་ཐང་འོད་ཤུགས་ཐོན་ལས་གླིང་ཡིན་པ་རེད། དེ་བས་མི་རྣམས་ཧང་སངས་དགོས་པ་ཞིག་ནི་འོད་ཤུགས་པང་ལེབ་འོག་རྩྭ་དང་རྩི་ཤིང་པུས་མོ་མཚམས་སུ་སླེབས་སྐྱེས་པ་དང་། གནས་ཁ་ཤས་སུ་ཐ་ན་སྔོ་གྲོག་མཐོང་ཐུབ།
གནས་འདི་ནི་སྔོན་ཆད་“རླུང་གིས་རྡོ་ཁུར། ས་ཐོག་རྩྭ་མི་སྐྱེས་པའི”བྱེ་ཐང་གི་ཐང་རྒོད་ཞིག་ཡིན་པ་སུ་ཞིག་གིས་ཤེས་སམ།
ཧའེ་ནན་ཀྲོའུ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཨན་ཧྥུང་ཅུན་གྱིས“འོད་ཤུགས་པང་ལེབ་ཀྱི་དངོས་ཁམས་བཀག་རྒྱ་ལས་རླུང་འགྲོས་ཆེས་ཆེར་ཆུང་དུ་ཕྱིན་པ་དང་ས་རྒྱུ་རླངས་འགྱུར་གྱི་ཚད་ཆེས་ཆེར་ཆུང་དུ་ཕྱིན་ནས་བྱེ་བཅོས་བྱེ་འགོག་དང་སྔོ་ཁེབས་སྐྱེ་འཚར་ཀྱི་སྲུང་ཡོལ་ནུས་ལྡན་ཞིག་ཏུ་གྱུར་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།
“ད་ལོའི་ལོ་མགོར་མཚོ་ལྷོ་ཁུལ་གྱིས《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》བཟོས་ནས་ལག་བསྟར་བྱས། དེ་ནི་མཚོ་སྔོན་གྱིས་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་དམིགས་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཐོག་མ་ཡིན་ལ། ཡར་སྔོན་འཚོལ་ཞིབ་བྱས་པའི་ཉམས་མྱོང་མང་པོར་གཏན་འཁེལ་བྱས་ནས་ཕྱོགས་སྡོམ་བྱས”ཞེས་མཚོ་ལྷོ་ཁུལ་དམངས་འཐུས་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱི་འགན་འཁུར་བས་བཤད།
སྲོལ་ཡིག་དེས་ཐོན་ལས་འཆར་འགོད་དང་། རྣམ་གྲངས་བཀོད་སྒྲིག ས་སྤྱོད་འགན་ལེན་སོགས་འགག་རྩའི་རིམ་པར་དམིགས་ནས་གཏན་འབེབས་ཁ་གསལ་བྱས་ཡོད། ནང་སྒོས་སུ་“ཐོན་ལས་འཕེལ་རྒྱས་དང་། སྐྱེ་ཁམས་ཉམས་གསོ། དམངས་འཚོ་ལེགས་སྒྱུར་བཅས་གཞི་གཅིག་ཏུ་འདུས་པའི་འོད་ཤུགས་བྱེ་བཅོས་བྱེད་སྟངས་ཁྱབ་གདལ་བེད་སྤྱོད”དང་། “བྱེ་ཐང་དང་། མྱ་ངམ་ཐང་། ཐང་རྒོད་བཅས་གཙོར་བཟུང་སྟེ། རླུང་གློག་དང་། འོད་ཤུགས་རྟེན་གཞི། འོད་ཤུགས་བྱེ་བཅོས་སྐྱེ་ཁམས་ཉམས་གསོ། འོད་ཤུགས་སྐྱེ་ཁམས་འབྲོག་ལས་ཐོན་ལས་འཕེལ་རྒྱས་བཅས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ནས་ཐང་རྒོད་ཅན་བཅོས་སྐྱོང་ལ་སྐུལ་འདེད་གཏང”དགོས་པའི་བླང་བྱ་གཏན་འཁེལ་བྱས་པས། “པང་ལེབ་སྟེང་གློག་འདོན་དང་པང་ལེབ་འོག་ཉམས་གསོ”བྱེད་པའི་ཐོན་ལས་གོང་འཕེལ་བྱེད་སྟངས་ལ་བཅའ་ཁྲིམས་ཀྱི་གཞི་འཛིན་ས་གསལ་འབེབས་བྱས་པ་མ་ཟད། མ་རྩ་འཇོག་མཁན་ཁེ་ལས་ལའང“བློ་བདེ་བར”བཅུག
མཚོ་ལྷོ་ཁུལ་ལྗང་མདོག་ཐོན་ལས་འཕེལ་རྒྱས་གླིང་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལིའུ་ཐ་ཡིས་འདི་སྐད། “སྲོལ་ཡིག་ལག་བསྟར་བྱས་རྗེས། སྡེ་ཚན་གྱི་ལས་འགན་སྔར་ལས་གསལ་ཞིང་། མཆན་འགོད་བརྒྱུད་རིམ་སྔར་བས་སྟབས་བདེ་རུ་བཏང་ཡོད་པས། འབྱུང་འགྱུར་འཕེལ་རྒྱས་ལ་ང་ཚོར་ཡིད་ཆེས་ཆེན་པོ་བསྩལ་སོང”ཞེས་བཤད།དེ་སྔ་གནས་འདི་ནི“རྩྭ་རྩི་ཤིང་དབེན་ས”ཞིག་ཡིན་མོད། དུས་ད་ལྟ་སྔོ་ལྗང་འབྱུང་འཕྲོད་གནོད་མེད་ཤར་བགྲོད་གྱི་ནུས་རྒྱུ་དང་སྔོ་ལྗང་འབྱུང་འཕྲོད་གནོད་མེད་ཤར་བགྲོད་གྱི་སྔོ་ཁེབས་ཞི་མཐུན་མཉམ་གནས་བྱེད་པ་དེ་དོན་དངོས་སུ་གྱུར་ཡོད།བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཕན་ནུས་ཆེ་བའི་སྒོ་ནས་སྐྱེ་ཁམས་ཀྱི་དཔལ་ཡོན་འཛུགས་སྐྱོང་བྱས།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་འགྲམ་གྱི“གསེར་ཉའི་ཁྱིམ་གཞིས”སུ་ཉ་མོ་སྐྱེ་འཕེལ་དང་ཆུ་ལ་གཏོང་བའི་བྱེད་སྒོ་གཞན་ཞིག་གིས་གསར་འགོད་པའི་ཡིད་དབང་བཀུགས། ད་ཐེངས་ཀྱི་ཉ་མོ་ཆུ་གཏོང་བར་དོན་སྙིང་དམིགས་བསལ་བ་ཞིག་ལྡན་པ་སྟེ། ཉེའུ་ཆུར་གཏོང་གི་ཉོ་སྒྲུབ་གི་མ་དངུལ་ནི་སྤྱི་ཕན་གཏུག་བཤེར་གྱོད་གཞི་ཞིག་གི་སྐྱེ་ཁམས་ཉམས་གསོའི་འགྲོ་གྲོན་ལས་བྱུང་བ་ཞིག་རེད།
“རྐང་ཚ་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་རིམ་པ་བཞི་པའི་ཞིབ་དཔྱོད་དཔོན་ལས་རོགས་པ་ཆོས་རྗེ་ནོར་བུ་ཡིས“སྐྱིན་ཚབ་སྒོར་ཁྲི17.5ལྷག་ཙམ་བླངས་པའི་རྒྱབ་ཏུ་མཚོ་སྔོན་པོའི་གསེར་ཉ་ཁྲིམས་འགལ་ངང་བཟུང་བའི་གྱོད་གཞི”ཞིག་ལ་རག་ལས་པའི་བརྒྱུད་རིམ་བཤད་བྱུང་།
མཚོ་སྔོན་པོའི་གསེར་ཉ་ནི་མཚོ་སྔོན་པོའི་སྐྱེ་ཁམས་མ་ལག་སྲུང་སྐྱོང་བྱེད་པའི་འགག་རྩའི་སྐྱེ་དངོས་རིགས་ཞིག་ཡིན་པ་དང་། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་གི་གྲས་སུ་བླངས་ཡོད་པས། མཚོ་བསྡམས་ཉ་གསོ་བའི་རྣམ་པར་གནས་ཡོད། འོན་ཀྱང2021ལོའི་ཟླ4པ་དང་ཟླ11པར་ཀྲང་ཆེ་གེ་མོ་དང་ལིའུ་ཆེ་གེ་མོ་སོགས་ཀྱིས་ཁེ་ཕན་གྱི་སྐུལ་འདེད་འོག་མཚོ་རྒྱ་བསྡམས་པའི་ས་ཁུལ་དུ་ཁྲིམས་འགལ་ངང་བསྐྱོད་དེ། མཚོ་གསེར་ཉ་འབོར་ཆེན་བཟུང་བས། མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྣོད་བཅུད་དོ་སྙོམས་ལ་གཏོར་བཤིག་ཚབས་ཆེན་བཏང་།ཉེས་དོན་འགན་འཁྲི་རྩད་གཅོད་ལ་གཞན། ང་ཚོས་སྐྱེ་ཁམས་གྱི་རྨས་སྐྱོན་ཇི་ལྟར་ཁ་གསབ་བྱེད་དགོས། ཞིབ་དཔྱོད་ལས་ཁུངས་ཀྱིས་ཉེས་དོན་གྱི་ཞོར་འབྲེལ་གྱི་དམངས་དོན་སྤྱི་ཕན་གཏུག་བཤེར་བྱས་ཏེ། ཁྲིམས་ཁང་ལ་དབང་གནོད་མཁན་གྱི་ཞོར་འབྲེལ་འགན་ལེན་གྱི་སྐྱེ་ཁམས་ཉམས་གསོའི་གྲོན་དངུལ་ཕྱོགས་ལ་དཔྱད་མཚམས་གཏོང་དགོས་པའི་ཞུ་གཏུག་བྱས་པ་རེད།
“ཉེས་ཆད་ཆད་གཅོད་ནི་ལག་ཐབས་ཙམ་ཏེ། ཉམས་གསོ་ནི་མཐར་ཐུག་གི་དམིགས་ཡུལ་རེད”ཅེས་ཆོས་རྗེ་ནོར་བུས་ངོ་སྤྲོད་བྱས་པར་གཞིགས་ན། ཁྲིམས་ཁང་གིས་གཏུག་བཤེར་རེ་འདུན་ཚང་མར་རྒྱབ་སྐྱོར་བྱས་པ་མ་ཟད། སྐྱེ་འཕེལ་ཆུར་གཏོང་གིས་སྐྱེ་ཁམས་ཉམས་གསོ་ཡི་ཚབ་བྱས་པའི་ངོ་བོའི་ཆ་ནས་དཔྱད་མཚམས་བཅད་དེ། “སྐྱིན་ཚབ་ཀྱི་མ་དངུལ་དེ་སྤྱད་དེ་ཉའུ་ཁྲི15ཉོ་སྒྲུབ་བྱས་པའི་ཐད་སྤྱད་པ་ཡིན”ཟེར། ཁྲིམས་འཛིན་གྱི་རལ་གྲི་རྣོན་པོ་དང་འདུ་ཤེས་ཉམས་གསོ་གཉིས་ཟུང་འབྲེལ་བྱས་ནས་གཏོར་བཤིག་གཏོང་མཁན་ཡང་སྐྱེ་ཁམས་ཉམས་གསོ་བྱེད་མཁན་དུ་བསྒྱུར། རྡུང་རྡེག་ལ་ཤུགས་བསྣན་དགོས་ན་ཁྲིམས་འཛིན་ཀྱི་གསར་གཏོད་ནུས་ལྡན་དགོས་ལ་ཁྲིམས་བསྟར་གཟབ་ནན་དང་ཡང་འབྲལ་ཐབས་མེད།གཅན་ཚ་རྫོང་ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་དུ་ཀ་བ་འདྲ་བ་རི་ཟོམ་གཅིག་ལས་གཅིག་འགྲན་ཞིང་། ནགས་ཚལ་སྟུག་ཅིང་རྩི་ཤིང་ཕུན་སུམ་ཚོགས་པ་ཡོད་པས། རི་སྐྱེས་སྲོག་ཆགས་དཀོན་པོ་མང་པོར་གནས་སྡོད་ཀྱི་ཁྱིམ་གཞིས་མཁོ་འདོན་བྱས་པ་མ་ཟད། ཁྲིམས་འགལ་པའི་ཧམ་སེམས་ཀྱི་ལག་ཟུང་ཡང་ཞོར་ཏུ་གནས་འདིར་བརྐྱངས།
“ན་ནིང་གི་དགོང་མོ་ཞིག་ལ་ང་ཚོས་དོགས་གཞི་ཅན་གྱི་མི་སྣ་ཞིག་ནགས་ཁུལ་དུ་བསྐྱོད་པ་མཐོང”ཞེས་གཅན་ཚ་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་སྤྱི་ཁྱབ་བཟོ་བཀོད་པ་ཅང་གོ་ཡན་གྱིས་དེ་ལྟར་བཤད། སྤྱི་གླིང་གིས་སྐྱེ་ཁམས་ཀྱི་དོ་དམ་སྲུང་སྐྱོབ་པ་དང་། བརྙན་ལམ་ལྟ་སྐུལ་ཚོད་འཛིན། དམར་ཕྱིའི་སྐབས་འཚོལ་སོགས་ཀྱིས་གྲུབ་པ་ལངས་གཟུགས་འགོག་སྲུང་དྲ་བ་བཙུགས་ཟིན་ན་ཡང་། “ང་ཚོས་ནགས་ཚལ་ནང་ཁྲིམས་འགལ་ངང་དེ་ཕོ་རྔོན་བཞིན་པའི་དོགས་ཡོད་ཉེས་ཅན་ཞིག་ས་གནས་ས་ཐོག་ཏུ་འཛིན་བཟུང་བྱས་པ་ཡིན”ཞེས་ལས་དེར་ཞུགས་མཁན་དོ་དམ་པ་ཞིག་གིས་ཁོང་ཚོས་ས་གནས་ས་ཐོག་ཏུ་འཛིན་བཟུང་བྱས་པའི་རི་སྐྱེས་སྲོག་ཆགས་དང་དེ་བཞིན་རྔོན་རྒྱག་ཡོ་བྱད་རྩད་ཆོད་ཚུལ་བརྗོད་བྱུང་།
ཅང་གོ་ཡན་གྱིས་འདི་སྐད། “སྔོན་ཆད་མི་ཁོ་ནར་བརྟེན་ནས་ལྟ་སྲུང་བྱེད་དགོས། ད་ཆ་ཚན་རྩལ་ལག་ཐབས་གྱིས་ནུས་པ་སྤྲད་པའི་ཁར་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས་སོགས་བཅའ་ཁྲིམས་ཁྲིམས་སྲོལ་གྱིས་རྒྱབ་རྟེན་ཡོད་བྱས་པས་ང་ཚོའི་ཁྲིམས་འཛིན་ལ་སྟོབས་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད”ཅེས་བཤད། བདེན་དཔང་གཏན་ཕབ་རྗེས་གྱོད་གཞི་འཕྲད་མར་ནགས་ཚལ་སྤྱི་བདེ་ལ་སྤྲད་དེ་ཁྲིམས་ལྟར་ཆད་པ་ནན་པོ་བཅད་པ་རེད། “མིའི་འགོག་སྲུང་དང་ལག་རྩལ་གྱི་འགོག་སྲུང”གཉིས་ཀྱིས་སྲུང་སྐྱོབ་དྲ་བ་ཚགས་དམ་པོར་སྦྲེལ་ནས་ཁྲིམས་འགལ་ཉེས་གསོག་པ་ཟིལ་གྱིས་མནན།
མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་གཞོན་པ་ཆི་ཅིང་ཐིང་གིས་འདི་སྐད། སྣོད་བཅུད་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང་ཡང་མི་འགྱང་བར་ལག་ལེན་བྱེད་ཉེར་ཡོད་པས། མཚོ་སྔོན་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་དེ་བས་སྲ་ཞིང་བརྟན་པའི་ཁྲིམས་སྐྱོང་འགན་ལེན་ཐུབ་རྒྱུ་རེད་ཟེར།
དྭངས་གཙང་ཆུ་ཀླུང་སྔོན་མོ་ནས་གཡུ་ཕྲེང་རླབས་ཀྱིས་ཕྱོགས་པ་ལྟ་བུའི་མཚོ་ཆེན་གྱི་བར་དང་། རི་སྐྱ་བོས་གོས་ལྗང་གྱོན་པ་ནས་བྱེ་ས་སྐམ་པོ་གསེར་རུ་འགྱུར་བའི་བར། ཉ་མོ་སྐྱེ་འཕེལ་དང་ཆུར་གཏོང་ནས་ལངས་གཟུགས་ལྟ་སྐུལ་ཚོད་འཛིན་བྱེད་པའི་དམར་ཕྱིའི་འོད་ཐིག་བར་མཚོ་སྔོན་གྱིས་ལམ་ལུགས་བཙན་པོ་དང་ཁྲིམས་སྐྱོང་ནན་ཤོས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་ཏེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་བརྩམས་དང་རྩོམ་བཞིན་ཡོད་དོ། །