མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ8པའི་ཚེས11ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དུ། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་ཚོགས་འདུའི་དཔོན་རིགས་མིན་པའི་གྲོས་མི། ཞང་ཀང་དེང་རབས་དོ་དམ་བཟའ་བཏུང་ཆེད་ལས་མཐུན་ཚོགས་ཀྱི་གསར་གཏོད་ཚོགས་པའི་ཚོགས་གཙོ་ཀྲང་ཡུས་རེན་དང་། ཞང་ཀང་ཁྲིམས་འཛུགས་ལྷན་ཚོགས་ཀྱི་བཟའ་བཏུང་ལས་རིགས་ཀྱི་གྲོས་མི་ལེང་ཅིན་གྱིས་སྣེ་ཁྲིད་པའི་ཞང་ཀང་དེང་རབས་དོ་དམ་བཟའ་བཏུང་ཆེད་ལས་མཐུན་ཚོགས་ཀྱི་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱས།
ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ། ཀྲང་ཡུས་རེན་དང་ལེང་ཅིན་འཁོར་དང་བཅས་པ་མཚོ་སྔོན་དུ་རྟོག་ཞིབ་བྱེད་པར་ཡོང་བ་ལ་དགའ་བསུ་ཞུས་པ་དང་། དུས་ཡུན་རིང་པོའི་ནང་མཚོ་སྔོན་གྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཁོས་བཤད་རྒྱུར། ཉེ་བའི་ལོ་འདི་དག་གི་རིང་ལ། མཚོ་སྔོན་དང་ཞང་ཀང་ས་ཆ་གཉིས་དབར་གྱི་འབྲེལ་བ་སྔར་ལས་ཇེ་དམ་དུ་ཕྱིན་པ་དང་། སྤེལ་རེས་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ནས། ཞང་ཀང་མཚོ་སྔོན་གྱི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྒེའུ་ཁུང་གལ་ཆེན་ཞིག་ཏུ་གྱུར་ཡོད། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་རྩོམ་ས་གསར་པའི་སྟེང་ལངས་ནས། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ཏེ། “ཀྲུང་ཧྭའི་ཆུ་མཛོད”ཀྱི་སྲུང་སྐྱོང་པ་ཡག་པོ་བྱས་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་རྒྱུ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱ་རྒྱུར་སྟོབས་ཤུགས་གཅིག་སྡུད་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ཐད་གོམ་སྟབས་བརྟན་པོ་གསར་པ་སྤོས་ཡོད། འཛམ་གླིང་གི་ཞིམ་ཟས་གྲོང་ཁྱེར་ཡིན་པའི་ཞང་ཀང་གི་ཐུན་མོང་མ་ཡིན་པའི་ཁྱད་སྟོབས་ལ་བརྟེན་ནས། མཚོ་སྔོན་གྱི་ནོར་གནག་དང་བོད་ལུག འཁྱག་ཆུའི་ཉ། གྲང་འཁྱག་སྔོ་ཚལ། རི་སྐྱེས་དབྱར་རྩྭ་དགུན་འབུ། ཚྭ་འདམ་གྱི་འཕང་འབྲས་སོགས་ཞང་ཀང་དུ་མཁོ་འདོན་བྱེད་པའི་གཞི་ཁྱོན་ཆེ་རུ་གཏོང་བ་དང་། “མཚོ་སྔོན་གྱི་ཁྱིམ་ཚང་གསོལ་སྟོན”གྱི་སྤུས་རྟགས་མཉམ་སྐྲུན་ཟབ་སྤེལ་གཏོང་བ། རིག་གནས་ཡུལ་སྐོར་མཉམ་འགུལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ། ལག་གདང་སྦྲེལ་ནས་མཐོ་སྒང་སྤུས་ལེགས་དངོས་རྫས་ཀྱི་སྤུས་རྟགས་གསོ་སྐྱོང་དང་རིན་ཐང་བསྒྱུར་བའི་ལས་དོན་ཆེན་པོ་ཡག་པོར་བསྒྲུབ་དགོས། མཚོ་སྔོན་གྱིས་ནུས་ཤུགས་ཡོད་རྒུས་ཞང་ཀང་ཁེ་ལས་ཀྱིས་མཚོ་སྔོན་དུ་མ་དངུལ་གཏོང་བ་དང་ལས་རིགས་དར་རྒྱས་གཏོང་བར་མཐུན་རྐྱེན་བསྐྲུན་དགོས།
ཀྲང་ཡུས་རེན་དང་ལེང་ཅིན་གྱིས་བསྟན་དོན། མཚོ་སྔོན་གྱི་འབྱུང་འགྱུར་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་པ་དང་། མཚོ་སྔོན་དང་ཞང་ཀང་མཉམ་ལས་ཀྱི་མདུན་ལྗོངས་ལ་རེ་ལྟོས་ཆེན་པོ་བྱེད་ཀྱིན་ཡོད་པས། ད་ཐེངས་ཀྱི་རྟོག་ཞིབ་སྤེལ་རེས་གོ་སྐབས་སུ་བཟུང་ནས། ས་གནས་གཉིས་ཀྱི་བཟའ་བཏུང་ལས་རིགས་ཀྱི་དངོས་སྒྲུབ་མཉམ་ལས་དང་མཉམ་འདྲེས་གསར་གཏོད་སྔར་ལས་ཇེ་ཟབ་ཏུ་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བར་སྟོང་གསར་པ་མཉམ་འབྱེད་བྱ་རྒྱུ་ཡིན།
ཝང་ཧའེ་ཧུང་ཐུག་འཕྲད་ལ་ཞུགས།