མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ8པའི་ཚེས11ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་ཕྱིར་གཏོང་ནང་འདྲེན་གྲུ་ཁའི་དོ་དམ་དང་ཕྱི་ཕྱོགས་སྒོ་འབྱེད་ལས་དོན་ལ་ཆེད་དོན་རྟོག་ཞིབ་བྱས་ཏེ་ནན་གྱིས་བསྟན་དོན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ནི་མཚོ་སྔོན་གྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་གཏོང་བར་སྒྲུབ་རིན་ཆེ་ཞིང་རང་ནུས་འདོན་ས་ཡོད་པའི་གནད་འགག་གི་དུས་སྐབས་ཤིག་ཡིན་པས། རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཆེན་པོ་དང་མཉམ་འདྲེས་དང་ཞབས་འདེགས་ཞུ་གང་ཐུབ་བྱེད་པ་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་དམིགས་ཏེ། ཁྱབ་རྒྱ་སྔར་ལས་ཆེ་བ་དང་ཁྱབ་ཁོངས་སྔར་ལས་ཡངས་པ། རིམ་པ་སྔར་ལས་ཟབ་པ་བཅས་ཀྱི་རང་འགུལ་སྒོ་འབྱེད་ལག་བསྟར་བྱས་ནས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་བརྟེན་ནས་བཅོས་སྒྱུར་དང་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགེ་མཚན་གསར་པ་བཞེངས་སྐྲུན་བྱས་ཡོད།
ཝུའུ་ཞའོ་ཅུན་གྱིས་ཟི་ལིང་ཚའོ་ཅ་པའོ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ། ཡུལ་དངོས་ནསT1མཁའ་འགྲུལ་ས་ཚིགས་བསྒྱུར་བཀོད་དང་རྒྱལ་ཁོངས་ཀྱི་འགྲོ་འོང་ལ་ཞིབ་བཤེར། རྒྱལ་སྤྱིའི་དངོས་ཟོག་སྐྱེལ་འདྲེན་སོགས་ལ་རྒྱུས་ལོན་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་བསྒྱུར་བཀོད་དང་མཐོར་འདེགས་སུ་གཏོང་ཚད་ཇེ་མགྱོགས་སུ་གཏོང་བ་དང་། འགག་སྒོ་བརྒལ་བའི་བརྒྱུད་རིམ་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ། སྐྱེལ་འདྲེན་འགན་སྲུང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས། མཚོ་སྔོན་གྱི་སྒོ་འབྱེད་སྣང་བརྙན་མངོན་སའི་སྒེའུ་ཁུང་གལ་ཆེན་ནུས་ཤུགས་ཡོད་རྒུས་བསྐྲུན་དགོས་ཞེས་བསྟན། དེའི་རྗེས་ཝུའུ་ཞའོ་ཅུན་ཞིང་ཆེན་ཐོན་རྫས་སྤུས་ཚད་ཞིབ་བཤེར་ཞིབ་དཔྱད་ཚད་ལེན་ཁང་དང་ཞིང་ཆེན་སྨན་རྫས་ཞིབ་བཤེར་ཞིབ་དཔྱད་ཚད་ལེན་ཁང་དུ་སོང་ནས། 3Hམཐོ་སྒང་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་མ་ལག་འཛུགས་སྐྲུན་དང་། ཞང་ཀངSTCམཚོ་སྔོན་ཚོད་ལྟ་ཁང་གི་འཁོར་སྐྱོད། ཀྲུང་ལུགས་བོད་ལུགས་སྨན་རྫས“ཨའོ་མོན་ལ་བརྟེན་ནས་ཕྱི་རྒྱལ་དུ་བསྐྱོད་པ”སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་རྗེས་ནན་གྱིས་བསྟན་དོན། ཞང་ཀང་དང་ཨའོ་མོན་དབར་འགྲོ་འོང་མཉམ་ལས་ཇེ་དམ་དུ་བཏང་ནས། ནུས་ཤུགས་ལ་བརྟེན་ནས་མཚོ་སྔོན་རྟགས་ཅན་གྱི་ཐོན་རྫས་སྔར་ལས་མང་པོ་ཕྱི་རྒྱལ་དུ་སྐྱེལ་རྒྱུར་སྐུལ་འདེད་བཏང་ནས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་འཛུགས་སྐྲུན་གྱི་ཆེད་དུ་སྟོབས་ཤུགས་འབུལ་དགོས། ཝུའུ་ཞའོ་ཅུན་གྱིས་ནུབ་མཚོའི་སྒོ་ཁྲལ་དུ། སྒོ་ཁྲལ་ལྟ་སྐུལ་དོ་དམ་རིག་གནས་འགྲེམ་སྟོན་ཁང་དང་རྒྱལ་སྒོའི་སྐྱེ་དངོས་བདེ་འཇགས་འགྲེམ་སྟོན་ཁང་ལ་ལྟ་སྐོར་བྱས་ནས་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། མཚོ་སྔོན་གྱི་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས་པར་མ་ཟད། རྒྱལ་སྒོའི་བདེ་འཇགས་ལྕགས་རི་སྔར་ལས་ཇེ་བརྟན་དུ་གཏོང་དགོས་ཞེས་ནན་གྱིས་བསྟན།
རྟོག་ཞིབ་བྱེད་པའི་སྐབས་སུ། ཝུའུ་ཞའོ་ཅུན་གྱིས་ཉེ་བའི་ལོ་འདི་འགའི་རིང་གི་རང་རེའི་ཞིང་ཆེན་གྱི་ཕྱིར་གཏོང་ནང་འདྲེན་གྲུ་ཁའི་དོ་དམ་དང་ཕྱི་ཕྱོགས་སྒོ་འབྱེད་ལས་དོན་ལ་ཐོབ་པའི་གྲུབ་འབྲས་མངོན་གསལ་ཅན་ལ་ཁས་ལེན་གང་ལེགས་བྱས་ནས་ནན་གྱིས་བསྟན་དོན། ཕྱོགས་བསྡུས་ཁྲལ་སྲུང་ས་ཁུལ་དང་མཁའ་འགྲུལ་གྲུ་ཁ། ལྕགས་ལམ་ཟོང་འགྲུལ་རྟེན་གཞི་སོགས་སྒོ་འབྱེད་རྣམ་པའི་ལས་སྟེགས་བསྐྲུན་ནས། འཕེལ་རྒྱས་ཀྱི་ནུས་རིམ་དང་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ། སྒོ་འབྱེད་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱེད་དགོས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་འཛུགས་སྐྲུན་གྱི་གོ་སྐབས་དམ་འཛིན་ནན་མོ་བྱས་ནས། “གཞུང་ལམ་དང་ལྕགས་ལམ། མཚོ་ལམ། མཁའ་ལམ”བཅས་ཀྱི་མཉམ་འདྲེན་བྱེད་སྟངས་གསར་པ་འཚོལ་ཞིབ་བྱས་ཏེ། ཨེ་ཤ་ཡ་ལྷོ་མ་དང་ཨེ་ཤ་ཡ་དབུས་མ། ཡོ་རོབ་བཅས་ལ་ཁ་ཕྱོགས་པའི་སྒོ་འབྱེད་བགྲོད་ལམ་རྒྱ་སྐྱེད་གཏོང་དགོས། མཚོ་སྔོན་གྱི་མཐོ་སྒང་ཐོན་ཁུངས་ནུས་ཁུངས་ལེགས་ཆ་དེ་ཕྱིར་གཏོང་ལེགས་ཆ་རུ་བསྒྱུར་ནས། ཚྭ་མཚོའི་རྫས་འགྱུར་བཟོ་ལས་དང་དག་གཙང་ནུས་ཁུངས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སོགས་ཕྱི་ཕྱོགས་ཉོ་ཚོང་གི་བྱེད་པོ་སྐྱེད་སྲིང་དང་སྟོབས་ལྡན་དུ་གཏོང་བ། ལྗང་གློག་དང་ཕྱི་ཕྱོགས་ཉོ་ཚོང་སོགས་ཀྱི་ཁྱབ་ཁོངས་གསར་པ་འབད་བརྩོན་ཆེན་པོས་གསར་འབྱེད་བྱེད་དགོས། ལྟ་སྐུལ་དོ་དམ་དང་ཞབས་ཞུ་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ནས། མཚོ་སྔོན་གྱི་སྤུས་རྟགས་ཕྱི་རྒྱལ་དུ་སྐྱོད་པའི“འགག་སྒོ་སྲུང་མཁན”ཡག་པོ་བྱེད་པ་དང་། རྒྱལ་སྤྱིའི་ཚད་གཞིའི་མ་ལག་དང་ཕན་ཚུན་ཁས་ལེན་དང་ཕན་ཚུན་འབྲེལ་མཐུད་བྱེད་རྒྱ་ཆེ་རུ་གཏོང་བ། གཞི་གྲངས་ཅན་གྱི་བཀོལ་སྤྱོད་ལ་ཤུགས་སྣོན་པ་བཅས་བྱས་ཏེ། ཁེ་ལས་ལ་སྔར་ལས་སྟབས་བདེ་དང་ཕན་འབྲས་ཆེ་བ། མ་རྩ་དམའ་བ་བཅས་ཀྱི་འགག་སྒོ་བརྒལ་བའི་ཞབས་ཞུ་འདོན་སྤྲོད་བྱེད་དགོས་པར་མ་ཟད། རྒྱལ་ཁོངས་ནས་འགྲོ་འོང་བྱེད་པའི་ཞབས་ཞུ་སྟབས་བདེ་ཅན་དུ་འགྱུར་བའི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་དགོས། སྡེ་ཁག་མཉམ་འགུལ་ལ་ཤུགས་བསྣན་ནས། “དབྱི་ཝུའུ་འཕེལ་རྒྱས་ཀྱི་ཉམས་མྱོང་”སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། ཕྱི་ཕྱོགས་ཉོ་ཚོང་ལ་བརྟེན་ནས་ཐོན་ལས་ཚུལ་སྒྱུར་རིམ་སྤར་ལ་སྐུལ་ཁྲིད་བྱེད་པ། རྩེར་སོན་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། “མཚོ་སྔོན་རྟགས་ཅན”སྤུས་རྟགས་ཀྱི་རྒྱལ་སྤྱིའི་ཤུགས་རྐྱེན་མུ་མཐུད་དུ་ཆེ་རུ་གཏོང་བ་བཅས་བྱས་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་ཞིང་ཆེན་ཡོངས་ཀྱི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།
ཞིང་ཆེན་གྱི་འགོ་ཁྲིད་ཀྲུའུ་ཞང་ཧྥིན་དང་ཝང་ཧའེ་ཧུང་རྟོག་ཞིབ་ལ་ཞུགས།