ཀྲུང་དབྱང་གི་སྔོན་རྩིས་ནང་ནས་མ་དངུལ་བཏང་སྟེ་གྲོང་ཁྱེར་གསར་སྒྱུར་བྱས་ནས་དམངས་འཚོར་ཕན་ཁེ་བསྐྲུན།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ8པའི་ཚེས10ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ནས་ཤེས་གསལ་ལྟར་ན། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས《མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་གསར་སྒྱུར་བྱེད་པའི་ལག་བསྟར་ཇུས་གཞིར》དམ་པོར་དམིགས་ཏེ་འགན་ནུས་ལ་རྐང་ཚུགས་པ་དང་རང་འགུལ་ངང་འགན་འཁུར་བའི་ཐོག་ནས། གྲོང་ཁྱེར་གྱི་གསར་སྒྱུར་རྣམ་གྲངས་སྔོན་ལ་ཇུས་འགོད་དང་གྲབས་གསོག་བྱས་པ་དང་། ས་གནས་ཁག་ལ་ལས་གཞི་སྔོན་གྱི་ལས་དོན་གཏིང་ཟབ་དང་ཞིབ་ཚགས་སུ་བསྒྲུབ་རྒྱུར་མཛུབ་ཁྲིད་བྱས་ཏེ། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་དང་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ། ལས་གཞི་སྙན་ཞུ་དང་མ་དངུལ་བརྩོན་ལེན་བྱེད་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།

2026ལོར་ཀྲུང་དབྱང་སྔོན་རྩིས་ནང་ནས་མ་དངུལ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་བཞི་ས་ཡ་གཉིས་དོན་འཁྱོལ་བྱས་ཏེ། ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་གཞིས་ཁུལ་རྙིང་པ63གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ལས་གཞིའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་དང་། ཆུ་འདོན་ཆུ་འབུད་དང་། དྲོད་རླངས་མཁོ་འདོན། གློག་མཁོ་འདོན། བགྲོད་ལམ། ལྗང་བསྒྱུར། གློག་སྒྲོན་དང་རྒན་འཕྲོད་ཅན་སོགས་དམངས་ཕན་ཞབས་ཞུའི་སྒྲིག་བཀོད་གཙོ་གནད་ཐོག་བསྒྱུར་བཀོད་རིམ་སྤོར་བྱས་པས་སྡོད་དམངས་ཁྲི་བཞི་སྟོང་གཉིས་ལྔ་བརྒྱ་ལྷག་ལ་ཕན་ཁེ་བསྐྲུན། ངེས་པ་དོན་གྱིས་སྦུག་དྲ་རྙིང་འགྱུར་དང་ཞབས་ཞུའི་སྒྲིག་བཀོད་འཐུས་ཚང་མིན་པ་སོགས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཏེ་སྡོད་དམངས་ཀྱི་འཚོ་བའི་སྤུས་ཚད་ནུས་ལྡན་མཐོར་འདེགས་བཏང་།

གྲོང་ཁྱེར་གསར་སྒྱུར་འགུལ་སྐྱོད་ལག་བསྟར་བྱ་རྒྱུ་ནི་རྒྱལ་ཁབ་ཀྱིས་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པ་དང་། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པ་དང་། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་བྱེད་ནུས་འཐུས་ཚང་དུ་གཏོང་བ། སྡོད་དམངས་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ་བཅས་ཀྱི་འགག་རྩའི་དམ་འཛིན་བྱ་གཞི་ཡིན་པས། དངུལ་འཇོག་ནུས་ལྡན་མུ་མཐུད་རྒྱ་ཆེར་གཏོང་བ་དང་། གྲོང་ཁྱེར་འཕེལ་རྒྱས་ཀྱི་སྒུལ་ནུས་སྐྱེད་སྲིང་། དཔལ་འབྱོར་བརྟན་པོའི་ངང་འཕར་བའི་རྨང་གཞི་ཇེ་བརྟན་དུ་གཏོང་བ་བཅས་ཀྱི་ཐད་ནས་བརྗོད་ན་དངོས་ཡོད་ཀྱི་དོན་སྙིང་ཧ་ཅང་གལ་ཆེན་ལྡན། ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་དང་མཉམ་དུ“བརྩོན་ལེན་དང་། ལྟ་སྐུལ་དོ་དམ། ལས་ཀའི་བྱས་འབྲས”བཅས་མཉམ་འཛིན་བྱས་ཏེ། སྲིད་ཇུས་ཀྱི་དངུལ་གཏོང་དང་འཁོར་ཕྱོགས་ལ་དམ་པོར་དམིགས་པ་དང་། གསོག་འཇོག་ལས་གཞི་ལ་དམ་པོར་དམིགས་པ། ཧུར་ཐག་སྒོས་ཀྲུང་དབྱང་གི་རྒྱབ་སྐྱོར་མ་དངུལ་བརྩོན་ལེན་བྱས་ཏེ། ལས་གཞིའི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། འཛུགས་སྐྲུན་གྱི་འགག་གནད་དང་དཀའ་གནད་མཐུན་སྦྱོར་ཐག་གཅོད་བྱེད་པ། སྤུས་ཚད་བདེ་འཇགས་ཀྱི་འགག་སྒོ་ནན་མོར་སྲུང་བ་བཅས་བྱས་ཏེ། མ་དངུལ་ཚད་ལྡན་དང་ཆོད་ཆེ་ངང་བེད་སྤྱོད་ཐུབ་པར་འགན་ལེན་བྱེད་པ་དང་། ལས་གཞི་སྔ་མོ་ནས་འཛུགས་སྐྲུན་བྱེད་པ་དང་བེད་སྤྱོད་བྱེད་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་གྱི་བྱེད་ནུས་སྤུས་ཚད་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་བ་བཅས་བྱས་ནས་གྲོང་ཁྱེར་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་རུ་གཏོང་དགོས། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།