མཚོ་སྔོན་ཞིང་ཆེན་གྱི་བདེ་འཇགས་འཛུགས་སྐྲུན་སྲོལ་ཡིག་ལ་འཆར་ཟིན་འགོད་པའི་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་འགྲུབ་བྱེད་ཆེད། ཉེ་ལམ། ཞིང་ཆེན་དམངས་ཆེན་ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་མཉམ་འབྲེལ་སྒོས་ཆེད་དོན་རྟོག་ཞིབ་ཚན་ཆུང་བཙུགས་ཏེ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དང་རྨ་ཆེན་རྫོང་། དར་ལག་རྫོང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་གཏེར་ལེན་ཁ་གྲོང་ཁྱེར། ན་གོར་མོ་གྲོང་ཁྱེར་བཅས་སུ་སོང་ནས་ཁྲིམས་འཛུགས་རྟོག་ཞིབ་བྱས།
མགོ་ལོག་ཁུལ་དུ། རྟོག་ཞིབ་ཚན་ཆུང་རྫོང་དང་ཞང་ཁ་ཤས་ཀྱི་སྤྱི་ཚོགས་བདེ་འགོད་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་སོང་སྟེ། ཡུལ་དངོས་སུ་གཞི་རིམ་གྱི་འགལ་བ་སྣ་མང་ཅན་འདུམ་འགྲིག་དང་། ཉེན་ཁའི་མི་མངོན་པའི་རྐྱེན་ངན་གྲལ་བཤེར། ཆ་འཕྲིན་ཅན་གྱི་སྟེགས་བུ་འཛུགས་སྐྲུན་སོགས་ཀྱི་བྱ་བའི་གནས་ཚུལ་ལ་ལྟ་ཞིབ་བྱས་ཤིང་། ཞང་དང་གྲོང་རྡལ་གྱི་ལས་བྱེད་མི་སྣ་དང་སྡེ་ཁུལ་གྱི་ལས་བྱེད་མི་སྣ་སོགས་ལས་ཡུལ་དང་པོའི་བདེ་འཇགས་འཛུགས་སྐྲུན་གྱི་ལས་བྱེད་མི་སྣར་བསམ་ཚུལ་བརྗེ་རེས་བྱས་ནས། མཐོ་སྒང་འབྲོག་ཁུལ་གྱི་བདེ་འཇགས་འཛུགས་སྐྲུན་གྱི་དཀའ་གནད་དང་འགག་གནད། གཞི་རིམ་འགན་སྒྲུབ་ཀྱི་དངོས་ཡོད་རེ་འདུན་བཅས་ལ་རྒྱུས་ལོན་བྱས་ཏེ། བདེ་འཇགས་འཛུགས་སྐྲུན་གྱི་གསར་གཏོད་ལག་ལེན་ཉམས་མྱོང་སྡུད་ལེན་བྱས།
མཚོ་ནུབ་ཁུལ་དུ། རྟོག་ཞིབ་ཚན་ཆུང་གིས་བདེ་འཇགས་འཛུགས་སྐྲུན་འགོ་ཁྲིད་ཚན་ཆུང་གི་ཁོངས་ཞུགས་ལས་ཁུངས་རྩ་འཛུགས་བྱས་ནས། སྲོལ་ཡིག་གི་བསམ་འཆར་སྡུད་ལེན་བཞུགས་མོལ་ཚོགས་འདུ་བསྡུས། འབྲེལ་ཡོད་ཚོགས་ཞུགས་སྡེ་ཁག་གིས་བདེ་འཇགས་འཛུགས་སྐྲུན་གྱི་འགན་འཁྲི་བགོ་བ་དང་སྤྱི་པའི་བདེ་འཇགས་ཉེན་ཁར་དོགས་ཟོན། གློག་འཕྲིན་དྲ་རྒྱའི་མགོ་སྐོར་ལ་རྒོལ་བ། ནར་མ་སོན་པའི་མིར་སྲུང་སྐྱོབ་དང་ནར་མ་སོན་པའི་མིའི་ཁྲིམས་འགལ་ཉེས་གསོག་བཅོས་སྐྱོང་སོགས་ཀྱི་ཁྱབ་ཁོངས་ལ་གཞིགས་ཏེ་བློ་འདོན་ཇུས་འབུལ་བྱས། རྟོག་ཞིབ་ཚན་ཆུང་གིས་གཞི་རིམ་གྱི་ཁྲིམས་འཛུགས་འབྲེལ་གཏུག་གནས་ལ་བརྟེན་ནས། གཞི་རིམ་མང་ཚོགས་དང་དམངས་ཆེན་འཐུས་མིའི་བསམ་འཆར་དང་གྲོས་གཞི་རྒྱ་ཆེར་སྡུད་ལེན་བྱས།
རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། ཐེངས་འདིར་རྟོག་ཞིབ་བྱས་པ་བརྒྱུད་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་བྱ་བའི་དངོས་ཡོད་དང་འབྲེལ་བའི་དངོས་གཉེར་གྲོས་གཞི་མང་པོ་འཚོལ་སྡུད་ཐུབ་པར་བརྟེན། རྗེས་ཕྱོགས་བསམ་འཆར་དང་གྲོས་གཞི་མི་འདྲ་བ་སོ་སོ་ཕྱོགས་ཡོངས་ནས་གསེད་བཀྲོལ་ཕྱོགས་བསྡུས་བྱས་ཏེ། ཆབ་སྲིད་ཀྱི་འགན་འཁྲི་བརྟན་པོར་འཁུར་བ་དང་། སྲོལ་ཡིག་ལམ་ལུགས་ཇུས་འགོད་ལ་ཞིབ་འཇུག་དང་རིགས་སྒྲུབ་ཟབ་མོ་བྱས་ནས། གཞི་རིམ་བཅོས་སྐྱོང་གི་ཉམས་མྱོང་བཟང་པོ་དེ་ལམ་ལུགས་ཀྱི་ཚད་གཞི་རུ་བརྩི་རྒྱུ་དང་། སྲོལ་ཡིག་འཆར་ཟིན་ཞིབ་ཚགས་ངང་བཟོ་བཅོས་དང་འཐུས་ཚང་དུ་བཏང་སྟེ། སྤུས་ཚད་མཐོ་བའི་ས་གནས་ཁྲིམས་འཛུགས་ལ་བརྟེན་ནས་ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ལ་རམ་འདེགས་བྱ་རྒྱུ་ཡིན།