ལོ་ངོ་བཅུ་ལ་གཙང་པོའི་མགོ་ཁུངས་ཀྱི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལྷ་ཆེན་རྒྱལ་གྱིས་བསྒྱུར།
མཚོ་སྔོ་རེངས།

“མཐོ་སྒང་གི་ནམ་མཁའ་དང་བྱིས་པའི་ངོ་གདོང་ནི་ཇི་འདྲའི་འགྱུར་སླ་བ་ཞིག་རེད་ཨང་།” ཞེས་པའི་སྐད་ཆ་དེ་དབྱར་གཞུང་གི་མཚོ་སྔོ་རེངས་ཀྱི་འགྲམ་དུ་ད་གཟོད་ར་སྤྲོད་ཐུབ། གློ་བུར་དུ་སྐྱིན་ཐང་དྲག་ཏུ་ལྡིང་ནས་ཆར་བ་ཤག་ཤག་ཏུ་བབས་བྱུང་།  

སྐད་ཅིག་མའི་གནམ་གཤིས་འགྱུར་ལྡོག་དེ་བསོད་བསོད་ཀྱིས་བལྟས་ན་ཧ་ཅང་རྒྱུན་ལྡན་ཡིན། ཁོ་དང་རོགས་པ་རྣམས་མཚོ་འགྲམ་དུ་བསྐྱོད་དེ་སྐོར་སྲུང་བྱས་རྗེས་ནོར་མགོའི་རྡོ་རིང་ཕྱོགས་སུ་སོང་། དེ་དུས་ཟླ7པའི་ཚེས13ཉིན་གྱི་ཕྱི་དྲོའི་ཆུ་ཚོད3པ་ཡས་མས་ཡིན། དྲོད་ཚད་ཧྲེ་ཧྲི་ཏུའུ3ལས་མེད་ཅིང་། སྨུག་རླུང་ཁྲོད་མཐོང་ཚད་ཧ་ཅང་དམའ་ནའང་ཁོ་ཚོས་མདུན་སྐྱོད་ཀྱི་གོམ་སྟབས་འཇགས་མ་མྱོང་།

སྐོར་སྲུང་བྱེད་བཞིན་པའི་ཚུལ།

“ནོར་མགོའི་རྡོ་རིང་ནི་ཉིན་ལྟར་སྐོར་སྲུང་བྱེད་པའི་ས་ཁོངས་གཙོ་བོ་ཡིན། ཟླ4པའི་ཟླ་མཇུག་ཏུ་རྩྭ་འབུས་ཚད་ན་ནིང་ལས་ཉིན་ཁ་ཤས་ཀྱིས་སྔ་བ་དང་སྐྱེས་ཚད་ལོ་རེ་ནས་ལོ་རེར་ཇེ་བཟང་རེད།” གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པར་གྱུར་པའི་ཉིན་དེ་ནས་བཟུང་། མཚོ་སྔོ་རེངས་ཀྱི་འགྲམ་ནས་ནོར་མགོའི་རྡོ་རིང་བར་བསོད་བསོད་ལོ་ངོ་བཅུ་ལ་བསྐྱོད་ཅིང་། ལོ་ངོ་བཅུ་ལ་ལྟ་སྲུང་བྱས། 

2016ལོའི་ཟླ8ཚེས23ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རྒྱང་གཟིགས་བརྙན་ལམ་བརྒྱུད་ང་དང་དྲ་སྦྲེལ་བྱེད་མྱོང་།”བསོད་བསོད་ཀྱིས་མཛུབ་མོས་བསྟན་ནས“སྐབས་དེ་དུས་གཟིགས་པའི་རི་ཆུ་དེ་གན་རེད”ཟེར།

བསོད་བསོད་ཀྱིས་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་ལོ་བཅུའི་རིང་མིག་ལ་སྲུང་སྐྱོབ་བྱེད་པ་ལྟར་རྨ་ཆུའི་མགོ་ཁུངས་སྲུང་སྐྱོབ་བྱས་ནས་བསྡད།

སྐབས་དེར་གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱེད་མགོ་ཚུགས། དེ་ནི་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱེད་ཡུལ་ཐོག་མ་ཡིན་སྟབས། མཚོ་སྔོན་གྱིས་གཙང་གསུམ་མགོ་ཁུངས་སྲུང་སྐྱོབ་དང“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་བྱེད་པའི་འགན་འཁྲི་གལ་ཆེན་ཁུར་ཡོད། སྒྲིག་སྲོལ་ཚོད་ལྟ་བྱེད་པའི་ཚུན་ལ། སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་འགལ་བ་ནུས་ལྡན་ངང་སེལ་ཆེད། མཚོ་སྔོན་གྱིས་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ཀྱི་སྤྱི་ཕན་ལས་གནས་ཀྱི“དུད་ཚང་རེར་ལས་གནས་གཅིག”གི་སྲིད་ཇུས་སྔོན་ལ་གསར་གཏོད་དང་འཚོལ་ཞིབ་བྱས་པ་རེད།

བསོད་བསོད(དཀྱིལ)དང་རོགས་པ་ཚོས་སྐོར་སྲུང་བྱེད་བཞིན་པའི་ཚུལ།

སྐབས་དེ་དུས་ཚང་མ་སྲིད་གཞུང་གིས་སྒྲིག་འཛུགས་བྱས་པའི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་གསོ་སྦྱོང་ནང་ཞུགས་རྗེས་ལག་ཁྱེར་བཟུང་ནས་ལས་ཞུགས་བྱེད་དགོས་པས། གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་བདག་སྐྱོང་པ་ཁག་དང་པོ་ཡིན། ད་ལྟ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་མཚོ་སྐྱ་རེངས་ཡུལ་ཚོ་མཚལ་རྩེ་སྡེ་བའི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་རུ་ཁག་གི་རུ་མི128ལ་སླེབས་ཡོད།

མཚལ་རྩེ་སྡེ་བའི་སྐྱེ་ཁམས་སྲུང་སྐྱོབ་ས་ཚིགས་དེ་མཚོ་སྔོ་རེངས་ཀྱི་འགྲམ་དུ་བསྐྲུན་ཡོད་ཅིང་གཞུང་ལམ་དང་འབྲེལ་ཡོད། བདག་སྐྱོང་པས་ཉིན་ལྟར་རེས་མོས་ཀྱིས་ལས་རེས་བྱེད་བཞིན་ཡོད། དེ་ལྟར་མ་བྱས་ན་མི་གཞན་དག་སྲུང་སྐྱོབ་ས་ཁོངས་སུ་སླེབ་སྲིད། བསོད་བསོད་ཚང་སྲུང་སྐྱོབ་ས་ཚིགས་དང་བར་ཐག་སྤྱི་ལེ་ལྔ་བཅུ་དྲུག་ཅུ་ལྷག་ཡོད་པས་སྐོར་སྲུང་བྱ་བ་མཇུག་སྒྲིལ་རྗེས་ས་ཚིགས་སུ་ཡོང་ནས་ལས་རེས་བྱས་པ་རེད།

ལབ་གླེང་སྐབས་སུ་བྲང་ཁའི་ལས་ཀའི་ལག་ཁྱེར་བསྟན་བྱུང། གཞི་རྩའི་ཆ་འཕྲིན་ཕུད་མིག་མདུན་དུ་གསལ་ལྷང་ངེར་མངོན་ཡོང་པ་དེ“གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་བདག་སྐྱོང་པའི་ལས་ཞུགས་ལག་ཁྱེར”ཞེས་པའི་ཡིག་འབྲུ་དེ་དག་རེད།

ཁོས་སེམས་ཆུང་སྒོས“རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པའི་ལས་ཞུགས་ལག་ཁྱེར”སུམ་བརྩེགས་ཅན་བླངས་བྱུང་། སྟེང་དུ་ཨང་གྲངས་མི་འདྲ་བ་རེ་འདུག ད་ལྟ་སྤྱོད་བཞིན་པ་དེ་གསར་བརྗེས་བྱས་པའི་ལག་ཁྱེར་གསུམ་པ་རེད། ཨང་རྟགས་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་ལྟར་ས་ཁུལ་གྱི་དབྱེ་བ་ཁ་གསལ་བཟོས་ཡོད།

ལག་ཁྱེར་དང་པོ་དེ་ཚོན་ལྡན་ཤོག་བུ་དཀྱུས་མ་ཞིག་ཡིན་པ་དང་། སྔོ་མདོག་གི་ཕྱེད་ཀ་ཡལ་ཟིན་ནའང་ཁོས་ད་དུང་ཉར་ཚགས་བྱས་འདུག ལས་ཞུགས་ལག་ཁྱེར་བླངས་རྗེས། བསོད་བསོད་ལྟ་བུའི་རྩྭ་ཐང་དུ་འཚོ་སྡོད་བྱེད་པའི་འབྲོག་པའི་ཡོང་འབབ་ལ་འགྱུར་ལྡོག་བྱུང་ཡོད།

བདག་སྐྱོང་པར་ཟླ་རེར་གླ་ཕོགས་སྒོར1800ཡོད་ཅིང་ལོ་རེར་ཡོང་འབབ་སྒོར21600ཡོད། བསོད་བསོད་ཀྱི་ངོས་ནས་བརྗོད་ན། དེ་སྔ་གླ་ཕོགས་ལེན་མཁན་ཞིག་ཏུ་འགྱུར་ཐུབ་པ་སེམས་ལའང་དྲན་མྱོང་མེད་པ་མ་ཟད། ཆུང་དུས་འཚོ་བ་རོལ་སའི་ཕ་ཡུལ་དེ་རྒྱལ་ཁབ་སྤྱི་གླིང་དུ་འགྱུར་ཐུབ་པ་དེ་བས་ཀྱང་དྲན་མ་མྱོང་ཟེར།

བསོད་བསོད་ཀྱིས་མཚོ་འགྲམ་དུ་སྐོར་སྲུང་བྱེད་བཞིན་པའི་ཚུལ།

“ཡོང་འབབ་དེ་ཡོང་འབབ་ལྷག་མ་ཞིག་ཏུ་བརྩིས་ནའང་མི་ཆོག་རྒྱུ་མེད། ང་ཚོས་སྲུང་བཞིན་པ་སྔར་བཞིན་རང་ཁྱིམ་གྱི་རྩྭ་ར་ཡིན། རྒྱལ་ཁབ་ཀྱིས་ད་དུང་ང་ཚོར་གླ་ཆ་སྤྲོད་ཀྱི་ཡོད”ལོ་དེ་དག་གི་ཡོང་འབབ་ལ་བརྟེན་ནས་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་བ་དེ་ཁོ་རང་ཡིད་ཧ་ཅང་ཚིམས་ཡོད།

ཉེ་འགྲམ་གྱི་འགྱུར་ལྡོག་སྐོར་ནས་བཤད་ན། ཆུ་གློག་དྲ་གསུམ་ལ་གནད་དོན་མེད་པ་དང་། འགྲིམ་འགྲུལ་ཡོ་བྱད་ཀྱང་སྐྱ་མི་ནས་འཕྲུལ་རྟ་དང་། དེ་ནས་ཁྱིམ་རེར་རླངས་འཁོར་རེ་ཡོད་པའི་དུས་ལ་ཐོན་ཡོད།

གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་བདག་སྐྱོང་པ་མ་གྱུར་གོང་བསོད་བསོད་ནི་རྩྭ་ཐང་སྐྱེ་ཁམས་བདག་སྐྱོང་པ་ཞིག་ཡིན། ད་ལྟའི་བར་དུ་ཁོས2015ལོར་མཚོ་སྐྱ་རེངས་ཡུལ་ཚོ་མི་དམངས་སྲིད་གཞུང་གིས་ཁོ་ལ་སྤྲད་པའི“རྩྭ་ཐང་སྐྱེ་ཁམས་བདག་སྐྱོང་པའི་ལག་ཁྱེར”ཉར་ཚགས་བྱས་ཡོད། རྩྭ་ཐང་བདག་སྐྱོང་པ་ནས་སྐྱེ་ཁམས་བདག་སྐྱོང་པར་གྱུར། ཁོས་རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོབ་ཆེད་རང་ཉིད་ཀྱི་ནུས་ཤུགས་འདོན་ཐུབ་པ་གཟི་བརྗིད་ཅིག་ཏུ་བསམ་ཡོད། ཁོས་བལྟས་ན། ཚང་མ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་རེད། འོན་ཀྱང་བདག་སྐྱོང་གི་ཁྱབ་ཁོངས་སྔར་བས་ཆེ་རུ་ཕྱིན། དེ་སྔ་རྩྭ་ཐང་ཁོ་ནར་བདག་སྐྱོང་བྱས་པས་ཆོག་སྐད། བདག་སྐྱོང་གི་འགན་འཁྲི་ཅུང་ཡང་། ད་ལྟ་སྐོར་སྲུང་བྱེད་སྐབས་རྩྭ་རའི་མཐའ་འཁོར་གྱི་རི་ཆུ་དང་མཚེའུ། རི་སྐྱེས་སྲོག་ཆགས་སོགས་ཚང་མར་སྐོར་སྲུང་བྱེད་དགོས་པ་དང་། སྐོར་སྲུང་གི་ལས་འགན་ཡང་སྔར་བས་གོ་རིམ་ལྡན་པ་ཞིག་ཏུ་གྱུར་ཡོད།

བསོད་བསོད་ཀྱིས་མཐའ་འཁོར་གྱི་རི་ཆུ་རྩི་ཤིང་ལ་མུ་མཐུད་དུ་དོ་སྣང་བྱས། དུས་ཚོད་ཀྱི་འཕོ་འགྱུར་དང་བསྟུན་ནས་སྐྱེ་ཁམས་ཁོར་ཡུག་ལ་འགྱུར་ལྡོག་བྱུང་བ་ཙམ་མིན་པར་ད་དུང་ཁོ་ཚོའི་སྐོར་སྲུང་བྱེད་སྟངས་ཀྱང་འཕོ་འགྱུར་བྱུང་ཡོད། “ལོ་ཤས་གོང་སྐོར་སྲུང་ཉིན་ཐོ་ལག་བྲིས་གཙོ་བོར་བྱས་མོད། འོན་ཀྱང་འབྲོག་པ་མང་པོ་ཞིག་གིས་ཟིན་ཐོ་ཇི་ལྟར་འགོད་དགོས་པ་ཤེས་ཀྱིན་མི་འདུག ད་ཆ་སྐྱེ་ཁམས་སྐོར་སྲུངAppསྤྱད་དེ་སྐོར་སྲུང་སྐབས་སུ་གནས་ཚུལ་ཅི་ཞིག་ཡོད་ན་ཁ་པར་ནང་དུ་བརྙན་བླངས་ན་སྐོར་སྲུང་དེ་བས་འཐུས་ཚང་ཞིག་ཏུ་གྱུར་ཡོད”། བསོད་བསོད་ཀྱིས་སྐྱེ་ཁམས་སྐོར་སྲུངAppལས་ཁྲུང་ཁྲུང་སྐེ་ནག་གི་ཕྲུ་གུ་དེ་ཟླ7པའི་ཚེས1ཉིན་སྐོར་སྲུང་བྱེད་སྐབས་རྙེད་པ་དང་། ཉེ་བའི་ལོ་གསུམ་རིང་། བསོད་བསོད་ཀྱིས་མཚོ་སྔོ་རེངས་ཀྱི་འགྲམ་དུ་འཚོ་སྡོད་བྱེད་པའི་ཁྲུང་ཁྲུང་སྐེ་ནག་གཉིས་ལ་མིག་གིས་འཚོས། “ཁྱེད་ཀྱིས་ལྟོས་དང་། ན་ནིང་ཕྲུ་གུ་གཅིག་བཙས་པ་དང་ད་ལོ་ཡང་གཅིག་བཙས་འདུག །ད་ལྟ་ཁྲུང་ཁྲུང་དེ་དག‘རྒྱུན་སྡོད་མགྲོན་པོ’ཞིག་ཏུ་གྱུར་ཡོད”ཅེས་བཤད།

བསོད་བསོད་ཀྱིས་སྐོར་སྲུང་བྱེད་བཞིན་པའི་ཚུལ།

ལོ་ངོ་བཅུ་ཙམ་ལ་སྲུང་སྐྱོབ་བྱས་རྗེས། ཉེ་འཁོར་དུ་འཕུར་ཡོང་བའི་འདབ་ཆགས་ཇེ་མང་ནས་ཇེ་མང་རེད། བསོད་བསོད་ཀྱིས་མཚོ་སྔོ་རེངས་འགྲམ་དུ་གཏན་འཇགས་ཀྱི་ས་ཁོངས་ཤིག་བདམས་ནས་མཚེའུའི་མཐའ་མཚམས་གྱི་འགྱུར་ལྡོག་ལ་རྐང་པས་འཇལ་བཞིན་ཡོད།

“གོམ་སྟབས་ཇེ་མང་དུ་སོང་བ་དང་བསྟུན་ཆུ་ཁོངས་ཀྱི་རྒྱ་ཁྱོན་ལོ་རེ་བཞིན་ཆེ་རུ་སོང་བ་དང་འདམ་རའི་རྒྱ་ཁྱོན་ཡང་ཆེ་རུ་འགྲོ་བཞིན་པ་མཚོན་ཐུབ”། མཚོ་མོའི་འགྲམ་ངོགས་སུ་ཡོད་པའི་འདབ་ཆགས་མང་པོ་ཞིག་ལ་མིང་ཐོགས་དཀའ་ཞིང་། ཝ་སྤྱང་སོགས་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་མང་དུ་འགྲོ་བཞིན་ཡོད། དེ་ལས་ཆེས་མངོན་གསལ་ཆེ་བ་ནི་འབྲོང་ཡིན། སྔོན་ཆད་ཧ་ཅང་མཐོང་དཀའ། དེ་དག་ཚང་མ་རྒྱལ་ཁབ་སྤྱི་གླིང་གིས་བསོད་བསོད་ལ་བསྩལ་པའི་གྲོག་རེད།

འཆར་ཅན་དུ། རྩྭ་ཐང་དུ་ཕྱུགས་ཟོག་འཚོ་སྟངས་ཚད་ལས་བརྒལ་བ་དང་ལུགས་ལྡོག་གིས་སྔོག་འདོན་བྱས་སྐད། རྩྭ་ཐང་གི་བཅུད་ཤོར་ནས་གཙང་པོ་དང་མཚེའུ་ཡང་ཇེ་ཆུང་དུ་གྱུར། ས་གནས་མང་ཚོགས་ཀྱིས་སྲུང་སྐྱོབ་བྱས་ནའང་འཚོ་སྡོད་བྱེད་ཐུབ་བྲལ། ད་ལྟ། ལམ་ལུགས་ཉིན་རེ་བཞིན་འཐུས་ཚང་དུ་ཕྱིན་པ་དང་། “སྲུང་སྐྱོབ་དྲ་བ”རྒྱུན་མཐུད་ཀྱིས་བརྟན་པོར་གྱུར་པ། སྐྱེ་ཁམས་དོ་དམ་སྲུང་སྐྱོབ་དེ་སྡེ་བ་དང་། དུད་ཚང་། མི་རེ་ནས་གཙིགས་སུ་བཟུང་སྟེ་རྩྭ་ཐང་གི་སྐྱེ་སྟོབས་ཚད་མེད་ལ་བརྟན་སྲུང་ཐུབ་ཡོད།

1988ལོར་སྐྱེས་པའི་བསོད་བསོད་ནི་གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་ལོ་ན་གཞོན་པའི་སྐྱེ་ཁམས་བདག་སྐྱོང་པ་ཞིག་ཡིན། 2025ལོའི་སྔོན་ལ་ཁོ་ནི་མཚལ་རྩེ་སྡེ་བའི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་རུ་ཁག་གི་རུ་དཔོན་ཡིན་པ་དང་དོ་དམ་སྲུང་སྐྱོབ་པ་གཞན་དག་དང་མི་འདྲ་བར་གཏན་འཇགས་ཀྱི་སྐོར་སྲུང་ས་ཁོངས་མེད་ཀྱང་སྐོར་སྲུང་ལས་དོན་ནང་ཞུགས་ནས་སྲུང་སྐྱོབ་བྱས།

ཐེངས་ཤིག་བསོད་བསོད་རྨ་སྟོད་རྫོང་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གི་འབྲེལ་མཚམས་སུ་སྐོར་སྲུང་བྱེད་པར་བསྐྱོད་སྐབས་གློ་བུར་དུ་དོམ་ཞིག་ལ་འཕྲད། ཁོས་འཕྲུལ་རྟ་ཞོན་ནས་བང་གིས་རྒྱུག་ནས་བྲོས་སྟབས་སྟབས་མ་ལེགས་པར་ཐང་ལ་འགྱེལ་ནས་སྐེད་པར་རྨས་སྐྱོན་བཟོས། སྐབས་དེར་ལུང་སྟོང་དེ་རུ་བརྡ་རྟགས་མེད་པས་ལུས་སུ་དངངས་སྐྲག་གི་བ་སྤུ་གཟེངས་ཤིང་ཁ་ནས་ཡིད་ཆད་ཀྱི་ངག་ཚིག་ཤོར། སྟབས་ལེགས་པ་ཞིག་ལ་དུས་ཐོག་ཏུ་ཤེས་རྟོགས་བྱུང་སོང་། ཁོས་ཉེན་ཁ་ཆེ་བའི་འདས་དོན་དེ་གཏན་ཏུ་བརྗེད་མི་ཐུབ།

བསོད་བསོད་ཀྱིས་རོགས་པ་ཚོ་དང་མཉམ་དུ་སྐོར་སྲུང་བྱེད་པའི་ཚུལ།

ཁོས་སྲུང་སྐྱོབ་བྱ་ཡུལ་གྱི་ཆ་སྙོམས་མཚོ་འཕགས་ལ་སྨི4000ཡན་ཡོད་སྐད། མཁའ་རླུང་དཀོན་ཅིང་སྐྱེ་ཁམས་ཐོན་ཁུངས་བསྐྱར་སྐྱེས་ཀྱི་ནུས་པ་དབེན། འབྲོག་པ་ཞིག་ཡིན་པའི་ངོས་ནས་རྒན་རབས་པའི་སློབ་སྟོན་ཁྲོད། རྩྭ་ཐང་གི་བཟང་ངན་དེ་ནོར་ལུག་གི་འཚོ་གནས་དང་འབྲོག་པའི་ལྟོ་གོས་ཀྱི་འཚོ་བར་འབྲེལ་བ་ཡོད་པ་ཆུང་དུས་ནས་རྟོགས་ཡོད།

ཁོས་མཚེའུ་དང་གཙང་པོ། རྩྭ་ཐང་དང་རི་སྐྱེས་སྲོག་ཆགས། ཁྱིམ་ཚང་གི་སྒོ་ཟོག་ལ་སེམས་ཁུར་བྱེད་བཞིན་ཡོད། རྨ་ཆུའི་སྟོད་རྒྱུད་སྲུང་སྐྱོབ་བྱས་ནས་ཆུ་མགོར་སྦགས་བཙོག་མི་ཐེབས་པ་དང་སྐྱེ་ཁམས་སྲུང་སྐྱོབ་ཡག་པོ་བྱས་ཚེ་བུ་རབས་ཚ་རྒྱུད་ལ་ཕན་ཐོགས་ཐུབ་པ་ཡིད་ཆེས་བརྟན་པོ་ཡོད།

“ང་ཚོས་སྐོར་སྲུང་བྱེད་སྐབས། སྐྱེ་ཁམས་དང་འབྲེལ་བ་ཡོད་པའི་སྲིད་ཇུས་དང་དོ་དམ་གཏན་འབེབས་རྟག་ཏུ་དྲིལ་སྒྲོག་བྱེད་བཞིན་ཡོད།” བསོད་བསོད་ཀྱིས་འདི་སྐད། སྔོན་ཆད་ཚང་མས་དེ་ནི་མེས་པོ་ཚོ་འཚོ་བ་རོལ་སའི་ས་ཆ་ཡིན་པ་ཁོ་ན་མ་གཏོགས། རྨ་ཆུའི་ཆུ་མགོ་དང་རྒྱལ་ཁབ་སྤྱི་གླིང་ཡིན་པ་ཤེས་ཀྱིན་མེད། འགྱུར་ལྡོག་བྱུང་བ་དང་བསྟུན་ཉེ་འཁོར་གྱི་མིའི་བསམ་བློའི་འདུ་ཤེས་དེ་སྔོན་ཆད་དང་གཏན་ནས་མི་འདྲ། སྔོན་ཆད་ཚང་མས་རྩྭ་ཐང་ཡོད་ཚེ་ནོར་ལུག་གསོ་ཐུབ་སྙམ། ད་ཆ་དུས་རབས་ཀྱིས་བསྩལ་པའི་ནོར་བུར་ལྡབ་འགྱུར་གྱིས་གཅེས་སྤྲས་བྱས་ཏེ། རང་གི་ནུས་ཚོད་ཀྱིས་གཙང་པོའི་མགོ་ཁུངས་སྲོང་སྐྱོབ་བྱས་ནས། བུ་རབས་ཚ་རྒྱུད་ལ་སྐྱེ་ཁམས་ཀྱི་ཁེ་བཟང་ལོངས་སྤྱོད་བྱེད་དུ་འཇུག་འདོད་ཟེར།

མཚལ་རྩེ་སྡེ་བར་རྩྭ་ར་མུའུ་ཁྲི90ལྷག་ཙམ་ཡོད་པའི་ནང་ཕྱེད་ཀ་རྩྭ་རྒྱ་བསྡམས་ཡོད། དབྱར་གཞུང་། མཚོ་སྔོ་རེངས་ཀྱི་ཉེ་འཁོར་དུ་ནོར་ལུག་མཐོང་དཀོན། ཚང་མས་རྩྭ་ཁ་རེས་སྐོར་བྱས་ནས་རྩྭ་ར་གསོ་བཞིན་ཡོད། ད་ལྟ་རྩྭ་ཕྱུགས་དོ་སྙོམས་ཡོང་རྒྱུར་དོ་སྣང་བྱེད་བཞིན་ཡོད་པས། འབྲོག་པས་རྩྭ་ཐང་སྲུང་སྐྱོབ་ཡག་པོ་བྱེད་དགོས་པ་ཤེས་ཡོད། བསོད་བསོད་ཀྱིས་བཤད་རྒྱུར“རང་ཁྱིམ་གྱི་ངོས་ནས་བརྗོད་ན། རྩྭ་རའི་རྩྭ་ཡི་སྐྱེས་ཚུལ་ལེགས་ན་ཕྱུགས་ཟོག་གི་གྲངས་ཀ་འོས་འཚམ་གྱིས་ཇེ་མང་དུ་བཏང་ཆོག་ཅིང་། ང་ཚོའི་ཡོང་འབབ་ཀྱང་ཇེ་མང་དུ་འགྲོ་ཐུབ”ཅེས་བཤད། 

2025ལོར། བསོད་བསོད་ཀྱིས་མཚལ་རྩེ་སྡེ་བའི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་རུ་ཁག་གི་རུ་དཔོན་གྱི་གོ་གནས་དགོངས་ཞུ་བྱས་ནས་ལོ27ལ་སླེབས་པའི་ཚུལ་ཁྲིམས་ཀྱིས་རུ་དཔོན་གྱི་འགན་འཁུར་རྒྱུ་གཏན་འབེབས་བྱས། ཚུལ་ཁྲིམས་རིག་གནས་རྨང་གཞི་དེ་བས་ལེགས་པས་སླད་ཕྱིན་གྱི་བྱ་བར་སྔར་ལས་ནུས་པ་འདོན་ཐུབ་པར་ཡིད་ཆེས་ཡོད་ཟེར།

འབྱམས་ཀླས་པའི་རྩྭ་ཐང་དུ་གཡུ་མདོག་ལྟར་འཁྱིལ་བའི་མཚོ་སྔོ་རེངས།

ལོ་བཅུའི་གོང་རོལ་དང་བསྡུར་ན། དོ་དམ་སྲུང་སྐྱོབ་རུ་ཁག་ཁྲོད་ན་གཞོན་ཇེ་མང་ཡིན་པ་དང་། མཚལ་རྩེ་སྡེ་བའི་ན་གཞོན་ཚོས་རྒན་རབས་པའི་རྗེས་བསྐྱངས་ནས་ཆུ་མགོར་མུ་མཐུད་དུ་སྲུང་སྐྱོབ་བྱས། “དོ་དམ་སྲུང་སྐྱོབ་རུ་ཁག་གི་སྲུང་སྐྱོབ་ནུས་པ་དང་བྱ་བའི་ལས་ཆོད་དུས་མཉམ་དུ་འགྲོ་བཞིན་ཡོད་ཅིང་། གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་མགོ་ཁུངས་གླིང་ཁུལ་གྱི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་དཔུང་ཁག་ཁྲོད་ཕྱེད་ཀ་ན་གཞོན་ཡིན”ཟེར།

བསོད་བསོད་ཀྱིས་རང་ཉིད་སློབ་གྲྭར་འགྲོ་མྱོང་མེད་པས་དོ་དམ་སྲུང་སྐྱོབ་ཀྱི་བྱ་བ་ཡག་པོ་བསྒྲུབ་པར་འགོག་རྐྱེན་བཟོ་སྲིད། ད་སྔ་ཁོས་བསྒྲུབ་འདོད་པ་ནི་ན་གཞོན་སྔར་བས་མང་བ་ཟབ་ཞུགས་བྱས་ཏེ། དོ་དམ་སྲུང་སྐྱོབ་རུ་ཁག་གི་རིག་གནས་ཆུ་ཚད་དང་དོ་དམ་སྲུང་སྐྱོབ་ནུས་པ་སྤྱི་ཡོངས་ནས་མཐོ་རུ་གཏང་རྒྱུ་དེ་རེད།

སློབ་གྲྭའི་དབྱར་དགུན་གནང་གི་གུང་གསེང་སྐབས་སུ། བསོད་བསོད་ཀྱིས་བྱིས་པ་རྣམས་ཁྲིད་ནས་སྐོར་སྲུང་བྱས་ཏེ། བྱིས་པ་ཚོར་རྨ་ཆུ་སྲུང་སྐྱོབ་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་དང་ཆུ་མགོའི་རྩྭ་ཆུ་སྲུང་སྐྱོབ་ཡག་པོ་བྱ་དགོས་པའི་བསླབ་བྱ་གང་མང་གནང་།

སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ཀྱི“དུད་ཚང་རེར་ལས་གནས་གཅིག”ཅེས་པའི་སྲིས་ཇུས་དེས་བསོད་བསོད་ཁོ་ནའི་མི་ཚེ་ལ་འགྱུར་ལྡོག་བྱུང་བ་ཙམ་མིན། སྤྱི་ལེ་ངོས་གྲུ་བཞི་མ་ཁྲི19.07ཡོད་པའི་གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་བདག་སྐྱོང་པ་ཁྲི་2.08ཀྱིས་གཙང་གསུམ་མགོ་ཁུངས་སྲུང་སྐྱོབ་དང“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་བྱེད་པའི་ལས་འགན་གལ་ཆེན་འཁུར་ནས་མིག་ལ་སྲུང་སྐྱོབ་བྱེད་པ་ལྟར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་བཞིན་ཡོད།

དབྱར་དུས་ཀྱི་སྤང་ཐང་།

རྩྭ་ཆུ་གང་བཟང་དུ་འཚོ་སྡོད་བྱེད་པ་ནས་རི་ཀླུང་སྲུང་སྐྱོབ་བྱེད་པའི་བར་དང་། གཞན་དབང་དུ་གྱུར་པ་ནས་རང་འགུལ་ངང་ཁྱིམ་གཞིས་སྲུང་སྐྱོབ་བྱེད་པའི་བར། བསོད་བསོད་གཙོས་གཙང་པོའི་མགོ་ཁུངས་སུ་འཚོ་སྡོད་བྱེད་པའི་འབྲོག་པའི་ཐོབ་ཐང་བརྗེས་ཏེ། ཕྱུགས་འཚོ་བའི་གོམ་སྟབས་དེ་སྔོ་ལྗང་སྲུང་སྐྱོབ་ཀྱི་ལམ་བུར་གྱུར། མི་གཅིག་ལས་ཞུགས་བྱས་ན་ཁྱིམ་ཚང་གཅིག་ལ་སྐུལ་ཁྲིད་བྱེད་ཐུབ་པ་དང་། ཐ་ན་ས་ཁོངས་ཤིག་ལ་ཤུགས་རྐྱེན་ཐེབས་སྲིད། རི་ཆུ་དང་རྩི་ཤིང་ལ་སྲུང་སྐྱོབ་ཡག་པོ་བྱེད་པ་ནི་རབས་ནས་རབས་སུ་འཚོ་སྡོད་བྱེད་པའི་གཞིས་ཁྱིམ་ལ་སྲུང་སྐྱོབ་བྱེད་པ་ཡིན།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།