ལོ་སྟོད་དུ་མཚོ་བྱང་ཁུལ་གྱི་ཞིང་སྡེའི་རྒྱུན་སྡོད་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཟླ8ཚེས8ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་མཚོ་བྱང་བརྟག་དཔྱད་རུ་ཁག་གི་སྡོད་ཁྱིམ་གྱི་ཡོང་འབབ་དང་གཏོང་སྒོ་དང་འཚོ་བའི་གནས་ཚུལ་བརྟག་དཔྱད་བྱས་པའི་གཞི་གྲངས་ལ་གཞིགས་ན། 2026ལོའི་ལོ་སྟོད་དུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཞིང་སྡེའི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར8821ཟིན་པ་དེ། ལོ་སྔོན་མའི་ན་ནིང་གི་དུས་མཉམ་ལས་སྒོར550འཕར་ལ། ན་ནིང་གི་དུས་མཉམ་ལས6.7%འཕར་བ་དང་། འཕར་ཚད་ཞིང་ཆེན་ཡོངས་ལས་བརྒྱ་ཆའི་གྲངས་གནས0.2ཀྱིས་མཐོ་བ་ཡོད་པས་མཚོ་སྔོན་ཞིང་ཆེན་གྱི་ཨང་དང་པོར་སླེབས་ཡོད།

ད་ལོ་ནས་བཟུང་། མཚོ་བྱང་ཁུལ་གྱིས"ཞིང་གསུམ"ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང་། ཞིང་དར་ཞིང་ཕན་ཞིང་ཕྱུག་གི་རྒྱབ་སྐྱོར་ལམ་ལུགས་དོན་འཁྱོལ་བྱས་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཡུན་ཕན་རྐྱེན་སྲོལ་བཙུགས་པས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་བརྟན་བརླིང་ངང་འཕར་ཡོད། སྟོབས་ཤུགས་ཡོད་ཚད་ཀྱིས་རྒྱུན་རྣམ་ཅན་གྱི་ལས་ཞུགས་རོགས་སྐྱོར་ཡག་པོ་བྱས་ཏེ། "གཞི་གྲངས་ཆེན་མོ་དང་ཟུང་འབྲེལ"གྱི་ལས་ཞུགས་ཞབས་ཞུའི་རྣམ་པ་ཁྱབ་གདལ་བཏང་ནས། སྡེ་བ་རིམ་པའི་ལས་ཞུགས་འབྲེལ་གཏུག་པ་དང་། མཚོ་སྔོནeལས་ཞུགས་དྲ་ལམ་ལས་སྟེགས་ལ་བརྟེན་ནས་ཕྱོགས་གཉིས་ཀར་དམངས་ཕན་སྲིད་ཇུས་སྤྲད་ཡོད་པ་རེད། "ཐག་ཉེ་སར་ལས་ཞུགས"དང"ཕྱིར་སྐྱོད་གནས་སྤོ"ཕྱོགས་གཉིས་ཀར་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་བྱས་ནས། "སྲིད་ཇུས་དང་། ལས་གནས། ཞབས་ཞུ་བཅས་སྐྱེལ་བའི"འགུལ་སྐྱོད་གཏིང་ཟབ་སྤེལ་བ་དང་། ལས་གནས་ཁྲི2ལྷག་ཙམ་སྤྲད་ལ། ངལ་ལས་བར་ཁེ་བས་སྐུལ་ཁྲིད་དང་། "གནས་གཏད་གནས"ཀྱི་རྩ་འཛུགས་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་གཞི་ཁྱོན་ཅན་གྱི་གནས་སྤོ་མི་ཐེངས8917ལ་སྐུལ་སྤེལ་བཏང་ཡོད།

ཞིང་ཆེན་ཡོངས་ཀྱི་ལས་གནས་བརྟན་པོ་དང་ཤོང་ཚད་ཆེ་རུ་བསྐྱེད་པ་དང་སྤུས་ཚད་མཐོ་རུ་གཏོང་བའི"1310འགུལ་སྐྱོད"ཀྱི་བླང་བྱ་དོན་འཁྱོལ་བྱས་ནས། ཁུལ་ཡོངས་ཀྱི་ལས་རིགས་ཁག་གི་ཁྱབ་ཁོངས་སུ་ལས་མི་སྤྱོད་མཁན་ཁེ་ལས་དང་། ལས་གཞི་འཛུགས་སྐྲུན་སོགས་ཀྱི་ལས་གནས7000ཙམ་སྔོག་འདོན་བྱ་རྒྱུར་གཅིག་གྱུར་འཆར་འགོད་བྱས་ཡོད། "ལས་གནས་ཀྱི་དགོས་མཁོ་དང་རྩལ་ནུས་གསོ་སྦྱོང་། རྩལ་ནུས་གདེང་འཇོག  ལས་ཞུགས་ཞབས་ཞུ"བཅས་ཕྱོགས་བཞི་གཞི་གཅིག་གི་ཁྱད་ལྡན་གསོ་སྦྱོང་བྱེད་སྟངས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ། གསོ་སྦྱོང་དེ་བས་གནད་ལ་འཁེལ་བ་དང་དེ་བས་སྤྱོད་གོ་ཆོད་པ་ཡོང་རྒྱུར་སྐུལ་འདེད་བཏང་བ་དང་། དམིགས་གཏད་རང་བཞིན་ལྡན་པའི་སྒོ་ནས་མི་མེད་གནམ་གྲུའི་ཁ་ལོ་བ་སོགས་མི་ཐེངས1627ལ་གསོ་སྦྱོང་བྱས་ནས། གསོ་སྦྱོང་རྣམ་སྒྱུར་ཚད་མཐོ་རུ་ཤུགས་ཆེན་བཏང་བ་རེད། དམིགས་གཏད་རང་བཞིན་ལྡན་པའི་སྒོ་ནས"མཐོ་སྒང་གངས་རིའི་ལམ་སྟོན"གྱི་ཕུལ་བྱུང་ནུས་སྩོལ་སྐྱེད་སྲིང་བྱེད་པའི་བྱེད་སྒོ་སྤེལ་ནས། མི་ཐེངས4000ལྷག་ལས་ཞུགས་ཐུབ་རྒྱུར་ཁྱབ་འགྱེད་སྐུལ་ཁྲིད་བྱས་པ་དང་། "མིན་ཡོན་གྱི་འོ་སྤྲི་བཟོ་མཁན"དང"མིན་ཡོན་གྱི་སེ་འཛོམས་གྲོ་མ་འཐུ་མཁན། "མདོ་ལའི་ཤ་མོ་སེར་པོ་འཐུ་ཚོང་མཁན"བཅས་ཀྱི་ཁྱད་ལྡན་ངལ་ལས་སྤུས་རྟགས་ཀྱི་ཕན་འབྲས་དུས་གཅིག་ཏུ་ཆེ་རུ་བཏང་ནས། མི་ཐེངས་ཁྲི2ལྷག་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཡོད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།