ཟླ8པའི་ཚེས10ཉིན། ཞིང་ཆེན་ཡོངས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བའི་བརྙན་རིས་གྲོས་ཚོགས་ཟི་ལིང་དུ་བསྡུས་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་བྱ་བ་གཏིང་ཟབ་ཏུ་སྤེལ་བར་སྐུལ་སློང་བཀོད་སྒྲིག་བྱས། ཞིང་ཆེན་གྱི་འགོ་ཁྲིད་ཧི་ལུའུ་ཁྲུན་དང་ལི་ཧུང་ཡ། ཀྲང་ཙི་ཅུན། ཀྲ་ཆིན་ཅིའུ་བཅས་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་ལས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཚུན་གྱི་ཞིང་ཆེན་ཡོངས་ཀྱི་ནག་འཇོམས་ངན་སེལ་འཐབ་རྩོད་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་བྱས། གྲོས་ཚོགས་ལས་བསྟན་དོན། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བ་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པ་དང་། གཙོ་བོ་མི་འདང་ས་ཁ་གསབ་དང་གནད་འཁེལ་ལག་བསྟར་བྱེད་པ་དེ་ཡིན་ཞིང་། དེང་སྐབས་ཀྱི་ནག་འབྲེལ་ངན་འབྲེལ་བྱ་སྤྱོད་ཀྱི་མཚོན་ཚུལ་གསར་པ་དང་ཁྱད་ཆོས་གསར་པ། འཕེལ་ཕྱོགས་གསར་པ། ཆོས་ཉིད་གསར་པ་བཅས་ལ་དམིགས་ནས་ཡང་བསྐྱར་གཅིག་བསྡུས་དང་ཡང་བསྐྱར་སྔོན་འདོན། ཡང་བསྐྱར་དག་ཐེར་ལེགས་བཅོས་བྱེད་པ་ཞིག་ཡིན་པས། ཐོག་མཐའ་བར་གསུམ་དུ་མཐོ་གནོན་ཟིལ་གནོན་རྣམ་པ་སྲུང་འཛིན་བྱེད་པ་དང་རྡུང་རྡེག་དྲག་པོ་གཏོང་བ། ནག་འབྲེལ་ངན་འབྲེལ་གྱི་སྟོབས་ཤུགས་འབྱུང་བ་སྔོན་འགོག་བཅས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་མི་དམངས་མང་ཚོགས་ཀྱི་བདེ་སྣང་ཇེ་དྲག་ཏུ་གཏོང་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ནག་འཇོམས་ངན་སེལ་འཐབ་རྩོད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལྟར། ཡུན་རིང་འཐབ་རྩོད་ལ་འགྱུར་བ་མི་གཏོང་བ་དང་ཁྲིམས་ལྟར་རྡུང་རྡེག་གཏོང་བར་འགྱུར་བ་མི་གཏོང་བ། རྩ་ལག་མཉམ་བཅོས་ལ་འགྱུར་བ་མི་གཏོང་བ། གནད་འཁེལ་ལྟ་སྐུལ་མཛུབ་སྟོན་ལ་འགྱུར་བ་མི་གཏོང་བ་བཅས་བྱེད་དགོས། ཞུ་གཏུག་ཐབས་ལམ་གེགས་མེད་ཡོང་བར་བྱེད་པ་དང་ཁུངས་སྣེར་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཏེ། ནག་འབྲེལ་ངན་འབྲེལ་རྩ་འཛུགས་སྔོག་འདོན་ནན་མོ་བྱེད་དགོས། སྲོལ་རྒྱུན་གྱི་ནག་འབྲེལ་ངན་འབྲེལ་སྟོབས་ཤུགས་ལ་ཁྲིམས་ལྟར་རྡུང་རྡེག་ནན་མོ་གཏོང་བའི་རྨང་གཞིའི་སྟེང་། ཆ་འཕྲིན་དྲ་རྒྱ་སྤྱད་དེ་ལག་བསྟར་བྱེད་པའི་ནག་འབྲེལ་ངན་འབྲེལ་ནག་ཉེས་དང་དེ་བཞིན་འབྲེལ་ཡོད་ནག་ཉེས་གཙོར་བཟུང་ནས་རྡུང་རྡེག་དང་དག་ཐེར་བཅོས་སྐྱོང་བྱེད་དགོས། “གདུགས་རྒྱ་གཉིས་གཏོར”ལག་བསྟར་ནན་མོ་བྱེད་པ་དང་། སྒྲིག་ཁྲིམས་མཐུན་སྦྱོར་ལ་ཤུགས་བསྣན་ནས་ནག་འབྲེལ་ངན་འབྲེལ་སྟོབས་ཤུགས་རྩ་བ་ནས་མེད་པར་བཟོ་དགོས། རྒྱུན་ཆད་མེད་པར་ས་ཁུལ་གཙོ་བོ་དང་ལས་རིགས་གཙོ་བོའི་ཁྱབ་ཁོངས་ཀྱི་འགོག་ཟོན་དག་ཐེར་བཅོས་སྐྱོང་ལས་དོན་སྤེལ་བ་དང་། ཚད་ཆེས་ཆེ་བའི་སྒོ་ནས་ནག་འབྲེལ་ངན་འབྲེལ་སྟོབས་ཤུགས་འབྱུང་བའི་བར་སྟོང་མེད་པར་བཟོས་ཏེ། སྟོབས་ཤུགས་ཡོད་རྒུས་མཚོ་སྔོན་གྱི་ཡུན་སྐྱོང་བདེ་འགོད་ཐད་བདེ་འཇགས་གཏན་འཇགས་ཀྱི་ཆབ་སྲིད་སྤྱི་ཚོགས་ཁོར་ཡུག་བསྐྲུན་དགོས།