ཟླ8པའི་ཚེས3ཉིན་ནས་ཚེས7ཉིན་བར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ཤར་གྲོང་ཁྱེར་དུ་སོང་ནས། ལོ་ཧྲིལ་བོའི་ཁྲིམས་འཛུགས་བྱ་བ་དང་གཞི་རིམ་འབྲེལ་གཏུག་བྱེད་ས། ཐོ་འགོད་ཞིབ་བཤེར། སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་དང་འབྲེལ་བ་ཡོད་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་སོགས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་གཅིག་བསྡུས་གཙང་བཤེར་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ལག་བསྟར། དཔལ་འབྱོར་འཁོར་སྐྱོད་དང་དེ་བཞིན་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སོགས་གནས་ཚུལ་ལ་དམིགས་ནས་རྟོག་ཞིབ་བྱས།
རྟོག་ཞིབ་ཚན་ཆུང་ཐུན་རིན་གྲོང་ཁྱེར་རོང་བོ་གྲོང་རྡལ་གྱི་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་བྱེད་ས་དང་གཅན་ཚ་རྫོང་གྲོང་གསེབ་དར་སྤེལ་ཐོན་ལས་གླིང་ཁུལ། མཚོ་སྔོན་ཐེན་ཅན་ཀུའེ་ལས་ཚད་ཡོད་ཀུང་ཟི་སོགས་སུ་སོང་ནས་ཡུལ་དངོས་འཚམས་འདྲི་བྱས་པར་མ་ཟད། གཞི་རིམ་ལས་བྱེད་མང་ཚོགས་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས་ཏེ་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས།
རྟོག་ཞིབ་ཚན་ཆུང་གིས་ནན་གྱིས་བསྟན་དོན། ཁྱབ་ཁོངས་གཙོ་བོའི་བྱ་བར་དམིགས་ནས་རྒྱུན་རྣམ་ཅན་གྱི་བསམ་འཆར་དང་གྲོས་གཞི་བསྡུ་ལེན་དང་ཕྱིར་ལྡོག་རྐྱེན་སྲོལ་བཙུགས་ནས་འཐུས་ཚང་དུ་གཏོང་དགོས་པ་དང་། གཞི་རིམ་གྱི་ཁྲིམས་འཛུགས་འབྲེལ་གཏུག་བྱེད་ས་འཛུགས་སྐྲུན་ལེགས་པོ་དང་བེད་སྤྱོད་ལེགས་པོ་བྱེད་པ། སྤུས་ཚད་མཐོ་བའི་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་དེ་ཁྲིམས་འཛུགས་ལག་ལེན་ཁྲོད་ཚོར་ཐུབ་པར་སྐུལ་འདེད་གཏོང་དགོས། དེང་སྐབས《མཚོ་སྔོན་ཞིང་ཆེན་གྱི་དམངས་གཉེར་དཔལ་འབྱོར་སྐུལ་སྤེལ་སྲོལ་ཡིག་འཆར་ཟིན》བཟོ་བཅོས་འཐུས་ཚང་བྱ་བ་གཙོར་བཟུང་ནས་ལེགས་པོར་བསྒྲུབ་དགོས་པ་དང་། ཁྲོམ་རའི་བྱེད་པོ་དང་ཕྱོགས་སོ་སོའི་བསམ་འཆར་དང་གྲོས་གཞིར་ཉན་དགོས། ལོ་ཧྲིལ་བོའི་དཔལ་འབྱོར་གྱི་གཞི་རྩ་བརྟན་པོ་ཡོང་བར་བྱེད་པའི་དམིགས་འབེན་ལ་དམིགས་ནས། བྱེད་ཐབས་མང་པོ་སྤྱད་དེ་དམངས་ཁྲོད་དངུལ་གཏོང་ཇེ་མང་དུ་གཏོང་དགོས་པ་དང་། དངོས་ཟོག་འཛད་སྤྱོད་དང་། ཞབས་ཞུ་དང་འཛད་སྤྱོད་ཀྱི་སྤུས་འདེགས་ཤོང་སྐྱེད་ལ་སྐུལ་འདེད་བཏང་ནས། ཕྱི་ནང་དགོས་མཁོའི་འཁོར་རྒྱུག་འགག་གནད་མེད་པར་བྱེད་དགོས་ཤིང་། ནོར་སྲིད་གཏོང་སྒོའི་སྒྲིག་གཞི་རྒྱུན་མཐུད་ངང་ལེགས་བསྒྱུར་དང་སྔོན་རྩིས་ཕན་འབྲས་དོ་དམ་ཕྱོགས་ཡོངས་ནས་ཇེ་དྲག་ཏུ་བཏང་སྟེ། ཤུགས་ཡོད་ནུས་ལྡན་གྱི་ལྟ་སྐུལ་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་གཅིག་བསྡུས་གཙང་བཤེར་ལ་སྐུལ་འདེད་ནན་མོ་བཏང་ནས། གོང་གནས་བཅའ་ཁྲིམས་དང་མཐུན་སྦྱོར་གཅིག་གྱུར་དང་ནུས་ལྡན་སྦྲེལ་མཐུད་ཡོང་བར་འགན་ལེན་བྱེད་དགོས་པ་དང་། ཐོ་འགོད་ཞིབ་བཤེར་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ཆ་འཕྲིན་ཕབ་འཇུག་བྱ་བར་སྐུལ་འདེད་ནན་མོ་གཏོང་བ་སོགས་བྱས་ནས། བློ་བརྟན་འགྱུར་མེད་སྒོས་རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་གཅིག་གྱུར་ལ་སྲུང་སྐྱོང་བྱེད་དགོས།