ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་པུའུ་ཀྲང་ལི་ལེ་ཁྲུན་ལ་ཐུག་འཕྲད་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཟླ8པའི་ཚེས10ཉིན།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་དང་།   ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་ཏང་ཙུའུ་ཧྲུའུ་ ཅི། པུའུ་ཀྲང་ལི་ལེ་ཁྲུན་སོགས་དང་ཐུག་འཕྲད་བྱས།

ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ལི་ལེ་ཁྲུན་སོགས་ལ་དགའ་བསུ་ཞུས་པ་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་དུས་ཡུན་རིང་བོའི་ནང་མཚོ་སྔོན་ལ་ནུས་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས།   ཁོ་ཚོས་བཤད་རྒྱུར།  མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཡིད་ལ་དམ་པོར་བཟུང་ཞིང་།  “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་ངེས་གནས་དང“སྔར་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གོ་གནས་ལ་རྐང་བཙུགས་ཏེ། རང་ས་གནས་ཀྱི་ཁྱད་ཆོས་དང་དགེ་མཚན་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་ངང་གསོ་སྐྱོང་བྱས། ལོ་ལྔའི་འཆར་འགོད་བཅོ་ལྔ་པར་ཁ་ཕྱོགས་ནས།   བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་གྱི་གནད་འགག་ལག་རྩལ་གྱི་འགག་སྒྲོལ་དང་ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས། ཐོན་ལས་སྤོ་སྒྱུར་སྦྲེལ་མཐུད། ཐཱན་མེད་ཐོན་ལས་གླིང་ཁུལ་འཛུགས་སྐྲུན་སོགས་ཕྱོགས་ནས་རྒྱབ་སྐྱོར་སྔར་ལས་ཆེན་པོ་བྱས་ཏེ། མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་ཁྱོན་ཆེན་པོའི་ཁྲོད་འདྲེས་པར་བྱེད་པ་དང་དེར་ཞབས་འདེགས་ཞུ་བའི་ཁྲོད་འཕེལ་རྒྱས་སྔར་ལས་ལེགས་པོ་མངོན་འགྱུར་བྱེད་པར་རོགས་འདེགས་བྱེད་རྒྱུའི་རེ་བ་བཅངས་ཡོད་ཟེར།

ལི་ལེ་ཁྲུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བཟོ་ལས་དང་ཆ་འཕྲིན་ཅན་གྱི་བྱ་བར་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་གྱི་བྱ་བ་སྣ་ཚོགས་ཐད་ཡུན་རིང་འཕེལ་རྒྱས་བྱུང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་གསལ་བླངས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་ལེགས་པོ་མངོན་ཡོད། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་ལག་བསྟར་དང་དོན་འཁྱོལ་ཟབ་མོ་བྱེད་པ་དང་།  དྲི་བར་མཉམ་དུ་ལན་འདེབས་པ་དང་བསམ་སྤྱོད་གཅིག་མཐུན་ཡོང་བར་བྱེད་པ། ཞིང་ཆེན་དང་པུའུ་ཡི་མཉམ་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ། མཚོ་སྔོན་གྱི་ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ཕྱོགས་ཀྱི་ཉམས་མྱོང་བཟང་བོ་དང་བྱེད་ཐབས་བཟང་བོ་ཁྱབ་གདལ་དུ་གཏོང་བ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་ཟབ་མོ་བྱེད་པའི་ལས་དོན་ལེགས་པོར་བསྒྲུབ་པ། བཟོ་སྐྲུན་ལས་རིགས་ཀྱི་གོ་རིམ་ལྡན་པའི་སྤོ་སྒྱུར་ལ་སྐུལ་སྤེལ་བྱེད་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བར་བཟོ་ལས་དང་ཆ་འཕྲིན་ཅན་གྱི་སྟོབས་ཤུགས་འབུལ་ངེས་ཡིན།

ཞིང་ཆེན་གྱི་འགོ་ཁྲིད་ཀྲང་ཅིན་ཀང་ཐུག་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།