ཟླ8པའི་ཚེས7ཉིན། མཚོ་སྔོན་ཞིང་ཆེན་ཞོད་འགོག་ཐན་འགོག་བཀོད་འདོམས་པུའུ་གཞུང་ལས་ཁང་གིས་དུས་རིམ་རང་བཞིན་གྱི་ཞོད་འགོག་ལས་ཀའི་བསྐྱར་ཞིབ་སྐུལ་སྤེལ་ཚོགས་འདུ་བསྡུས། དོན་དམ་བསྐྱར་ཞིབ་བརྒྱུད་དེ། བྱ་བའི་ཆད་ལུས་ཞིབ་བཤེར་དང་ལམ་ལུགས་ཚད་ལྡན་འཐུས་ཚང་དུ་གཏོང་བ། འགོག་སྡོམ་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་ཀྱི་སྒོ་ནས་གཟབ་ནན་དང་དོན་དམ་གྱི་ལས་ཀའི་བྱེད་ཐབས་ལ་བརྟེན་ནས་བདེ་འཇགས་འགོག་ཐིག་སྲ་བརྟན་དུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་ཞོད་འགོག་གནོད་འཕྲི་ནུས་པ་རིམ་འཇུག་རིམ་སྤོར་བྱས།
ཐེངས་འདིའི་བསྐྱར་ཞིབ་ལས་ཀས་དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱས་ཤིང་། དོན་དམ་དངོས་ཕན་ལ་རྐང་ཚུགས་པ། ཕྱི་ཚུལ་རྣམ་པའི་སྤྱི་སྡོམ་སྙན་ཞུ་མཐའ་གཅིག་ཏུ་བཀག་འགོག་བྱས། གྲོང་ཁྱེར་དང་ཁུལ། གཙོ་གནད་རྫོང་དང་ཆུས་བཅས་ཀྱིས་ཁྱོན་ཡོངས་ནས་ཞོད་དུས་ཀྱི་མངོན་མེད་རྐྱེན་ངན་ལེབ་བཤེར་དང་། ལྟ་ཞིབ་ཚད་ལེན་སྔོན་བརྡ་དང་ལས་རེས། འཕྲལ་བསྟུན་བཀོད་འདོམས་བཀོད་གཏོང་། མང་ཚོགས་ཉེན་གཡོལ་གནས་སྤོར་སོགས་ཀྱི་མུ་ཕྲེང་ཧྲིལ་བོའི་ལས་ཀར་བསྐྱར་ཞིབ་བྱས་པ་དང་། གཙོ་བོ་སྡེ་ཁག་བར་གྱི་མཉམ་ལས་མཐུན་སྦྱོར་ཞན་པ་དང་དུས་ཐུང་ཉེན་ཁ་ཞིབ་གཅོད་ཀྱིས་མི་འདང་བ། རྒྱང་རིང་ལུང་ཁུལ་གྱི་སྔོན་བརྡ་བརྒྱུད་སྤྲོད་རྗེས་སུ་ལུས་པ། མང་ཚོགས་ཉེན་གཡོལ་གནས་སྤོ་དུས་ཐོག་ཏུ་བྱེད་མ་ཐུབ་པ། མངོན་མེད་རྐྱེན་ངན་གྱི་འགུལ་རྣམ་འཛིན་སྡོམ་གཟབ་ནན་མིན་པ་སོགས་ཀྱི་དངོས་སྤྱོད་རང་བཞིན་གྱི་གནད་དོན་ལ་ཞིབ་བཤེར་བྱས། ས་གནས་སོ་སོས་མངའ་ཁུལ་གྱི་ཞོད་འགོག་ལས་ཀའི་དོན་དངོས་དང་ཟུང་འབྲེལ་སྒོས། དོན་ཚན་རེ་རེ་བཞིན་མི་འདང་ས་དང་བར་ཁྱད་འཚོལ་བ་དང་། དག་ཐེར་ལེགས་བཅོས་ཀྱི་བྱེད་ཐབས་ཞིབ་ཕྲ་བཟོས་པ། རིམ་སྤར་ཁ་ཕྱོགས་གསལ་བོ་བྱས་པ། ཁྱོན་ཡོངས་ནས་གཞི་རིམ་ཞོད་འགོག་སྡེ་ཁག་གི་འཁོར་སྐྱོད་གཞི་གྲངས་གསལ་བོར་ཤེས་ཏེ། ཞིང་ཆེན་ཡོངས་ཀྱིས་གནད་འཁེལ་ཇུས་བསྟར་དང་གནད་འཁེལ་ཞན་ཆ་གསབ་པར་ལས་ཀའི་རྨང་གཞི་བརྟན་པོ་བཏིང་།
ཞིང་ཆེན་ཡོངས་ཀྱི་ཞོད་འགོག་ལམ་ལུགས་སྒྲོམ་གཞི་ཕལ་ཆེར་འཐུས་ཚང་བྱུང་ཡོད་མོད། འོན་ཀྱང་གྲོང་ཁྱེར་དང་རྫོང་། ཞང་བཅས་རིམ་པར་ལམ་ལུགས་དོན་འཁྱོལ་བྱས་པར་སྔར་བཞིན་ལག་བསྟར་ཚད་གཞི་གཅིག་གྱུར་མིན་པ་དང་། དོན་འཁྱོལ་བྱེད་ཤུགས་དོ་མི་མཉམ་པ། བརྒྱུད་ཁྲིད་ཕན་ནུས་རིམ་བཞིན་ཉམས་ཞན་དུ་གྱུར་བ་སོགས་ཀྱི་འབུར་ཐོན་གནད་དོན་སྔར་བཞིན་གནས་ཡོད། ས་ཁུལ་ཁ་ཤས་ཀྱི་ཞོད་འགོག་ཚོགས་འདུའི་གྲོས་མོལ་དེ་ཆ་འཕྲིན་སྤྱི་སྡོམ་གསེད་བཀྲོལ་ལ་ཕྱོགས་ཡོད་པ་དང་། ས་གནས་ཀྱི་ས་དབྱིབས་ཁྱད་ཆོས་དང་མངོན་མེད་རྐྱེན་ངན་གྱི་གནས་ལ་ཟུང་འབྲེལ་བྱས་ནས་གནད་འཁེལ་ཉེན་ཁའི་ཞིབ་གཅོད་མ་བྱས་པ། ཞིབ་འཇུག་གྲུབ་འབྲས་དང་དངོས་འཐབ་བཀོད་གཏོང་བར་གྱི་འབྲེལ་བ་དམ་ཟབ་མིན་པ། ད་ཡོད་ཀྱི་མཁོ་བསྟུན་སྔོན་ཇུས་རང་ས་ཅན་དང་ཡུལ་རྣམ་ཅན་གྱི་འཚམ་འཕྲོད་རང་བཞིན་ཞན་པ། མཐོ་སྒང་གི་རི་ལུང་དང་རྒྱང་རིང་འབྲོག་ཁུལ་ལ་འཚམ་པའི་དོན་དམ་ཐག་གཅོད་བརྒྱུད་རིམ་མེད་པ། གཞི་རིམ་ཞོད་འགོག་སྟོབས་ཤུགས་བཀོད་སྒྲིག་གིས་མི་འདང་བ་དང་། ལས་རྐང་གཅིག་ལ་འགན་འཁྲི་མང་བའི་སྣང་ཚུལ་ཡོངས་ཁྱབ་ཡིན་པ། མཇུག་སྣེ་སྔོན་བརྡ་གཏོང་བ་དང་དང་ལེན་བྱེད་པ། མངོན་མེད་རྐྱེན་ངན་གྱི་འགུལ་རྣམ་གཙང་སེལ་བྱེད་པ། མང་ཚོགས་ཉེན་གཡོལ་བྱེད་པར་སྐུལ་སློང་བྱེད་པ་སོགས་སུ་སྔར་བཞིན་ཉམས་ཞན་པ་རེད།
མཚོ་སྔོན་ཞིང་ཆེན་གྱིས་ཐེངས་འདིའི་བསྐྱར་ཞིབ་བྱེད་པ་གོ་སྐབས་སུ་བཟུང་སྟེ། གནད་དོན་དག་ཐེར་ལེགས་བཅོས་དང་། ལམ་ལུགས་དོན་འཁྱོལ། ནུས་པ་མཐོར་འདེགས་སོགས་ཀྱི་ལས་ཀ་སོ་སོ་དམ་འཛིན་གང་ལེགས་བྱས་ཏེ། མཐོ་སྒང་གི་དོན་དངོས་ལ་འཚམ་པའི་ཞོད་འགོག་གནོད་འཕྲིའི་འགོག་སྲུང་མ་ལག་འཐུས་ཚང་དུ་བཏང་།