
ཉེ་སྔོན། བྱང་ཆུབ་འཇམ་དབྱངས་སྐྱབས་ཀྱི་བརྩམས་ཆོས་ཕྱོགས་བསྒྲིགས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། ཁྱོན་བསྡོམས་པོད་བཅུ་གཉིས་བཞུགས་ཤིང་དེ་དག་རེ་རེ་བཞིན་བགྲང་ན། པོད་དང་པོ《སུམ་རྟགས་ཀྱི་ཡང་འགྲེལ》པོད་གཉིས་པ《མངོན་བརྗོད་ཀྱི་མཆན་འགྲེལ》པོད་གསུམ་པ《སྐར་རྩིས་དང་སྔགས་བཀླག་ཐབས》པོད་བཞི་བ《སྙན་གཞུང་ཚངས་སྲས་བཞད་པའི་སྒྲ་དབྱངས་ཀྱི་འགྲེལ་བ》པོད་ལྔ་པ《རྣམ་ཐར་དང་རྟོགས་བརྗོད》པོད་དྲུག་པ《དཔལ་ལྡན་རྡོ་རྗེའམ་མི་ཕམ་མགོན་པོའི་རྣམ་ཐར》པོད་བདུན་པ《རྗེ་བཙུན་སྐལ་བཟང་བསྟན་པ་རྒྱ་མཚོའི་རྣམ་ཐར》པོད་བརྒྱད་པ《སྤྱོད་འཇུག་གི་མཆན་འགྲེལ》པོད་དགུ་པ《ཀུན་བཟང་བླ་མའི་ཞལ་ལུང་གི་ཚིག་འགྲེལ》པོད་བཅུ་པ《གསང་ཆེན་སྔ་འགྱུར་གྱི་བསྟན་པ་བྱང་ནས་བྱང་དུ་དར་ཚུལ། (སྟོད་ཆ)》པོད་བཅུ་གཅིག་པ《གསང་ཆེན་སྔ་འགྱུར་གྱི་བསྟན་པ་བྱང་ནས་བྱང་དུ་དར་ཚུལ། (སྨད་ཆ)》པོད་བཅུ་གཉིས་པ《ཐོར་རྩོམ་གཅེས་བཏུས》སོགས་ཡིན་ལ། རྒྱལ་བའི་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་གྲངས་ཀྱི་རྟེན་འབྲེལ་གྱིས་ཐོག་དྲངས་ཏེ། 2026ལོའི་ཟླ6པར་པར་དུ་བསྐྲུན།


༄༅། །རེབ་གོང་ལུང་པ་གདན་དུ་བཏིངས་ནས་མི་ལོ་བཞི་བཅུར་རིག་གནས་སྤེལ། །
བཅུ་ཕྲག་ཟུང་གི་བླ་མ་བསྙེན་ནས་མདོ་སྔགས་ཆོས་ཀྱི་གཞུང་ལ་མཉན། །
འགྲོ་ཀུན་ཕན་བདེའི་འབྱུང་གནས་བསམས་ནས་མདོ་སྔགས་རིག་གནས་རྩ་བར་བཟུང་། །
ནམ་ཞར་མ་བཏང་བརྟན་པོར་བཟུང་ནས་བཅུ་ཕྲག་རིག་གནས་ཉམས་རྒུད་གསོས། །
འཇིག་རྟེན་མ་འགྲུབ་མ་འཁྱོངས་ཟེར་ནས་འཕྱ་དམོད་ཇི་ལྟར་བྱས་ན་ཡང་། །
འདོད་ཡོན་མ་སྤྲོས་ཆོག་ཤེས་བསྟེན་ནས་ཡོད་ཚད་ཉམས་པ་གསོ་ཕྱིར་བཏང་། །
མི་ཚེ་ཐུང་ཡང་འབད་པས་བཙལ་ནས་རང་གི་འདོད་པ་དང་དུ་བླངས། །
དུམ་པ་བཅུ་གཉིས་རྟེན་འབྲེལ་བསྒྲིགས་ནས་ཡབ་མེས་གོང་མའི་གནོང་འགྱོད་སེལ། །
རྩོམ་པ་པོས།
རྩོམ་པ་པོ་ངོ་སྤྲོད།

བྱང་ཆུབ་འཇམ་དབྱངས་སྐྱབས་ནི་སྤྱི་ལོ1955ལོར་རེབ་གོང་བྱང་ཆུབ་སྡེ་བར་སྐྱེས། རང་ལོ་དགུའི་སྟེང་ནས་སྡེ་བའི་སློབ་ཆུང་ནས་འགོ་བརྩམས་ཏེ་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་དང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་སོགས་རིམ་བཞིན་འགྲིམས། ལོ་ངོ་བཞི་བཅུ་ལྷག་གི་རིང་ལ་རེབ་གོང་ཡུལ་དུ་སློབ་ཁྲིད་སློབ་གསོའི་བྱ་བ་བསྒྲུབས། 2015ལོའི་ཟླ4པར་རྒན་ཡོལ་གནང་། སློབ་ཁྲིད་མི་སྐྱོང་གི་ཞོར་དུ་དྲིན་ལྡན་གྱི་དགེ་རྒན་དང་བླ་མ་མང་པོ་བསྟེན་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མདོ་སྔགས་རིག་གནས་ལ་སྦྱངས་པ་མི་དམན་པ་བྱས། ཁྱད་པར་དུ་པེ་ཅིན་ནང་བསྟན་སློབ་གླིང་དུ་བོད་མདོ་དབུས་ཁམས་གསུམ་གྱི་མཁས་གྲུབ་ཉིས་འཛོམས་ཀྱི་བླ་མ་ལྔ་བཅུ་ལྷག་གདན་འཛོམས་པའི་དྲུང་དུ་སློབ་སྦྱོང་གི་བསྐལ་བ་ལྡན་ཏེ། བསེ་ཚང་རྡོ་རྗེ་འཆང་དང་རྗེ་ཤར་གདོང་ཚང་། དུང་དཀར་རིན་པོ་ཆེ་སོགས་ཀྱི་དྲུང་དུ་རིག་གནས་ཐམས་ཅད་ལ་ཐོས་བསམ་བྱེད་ཐུབ་པ་བྱུང་བ་མ་ཟད། «མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་ཀྱི་མཆན་འགྲེལ»དང«སྐར་རྩིས་དང་སྔགས་བཀླག་ཐབས» «སྤྱོད་འཇུག་གི་མཆན་འགྲེལ»སོགས་པོད་བཅུ་གཉིས་ལྷག་བརྩམས་ནས་ཕྱི་རབས་པར་མིག་ལྟོས་སུ་བཞག་ཡོད། ད་ལྟ་ཡང་ད་དུང་རང་ཤོང་ཁང་མིག་གྲུ་བཞི་རུ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་བཞུགས་ཡོད།
