ཟླ8པའི་ཚེས6ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་ནན་ཅིན་སློབ་ཆེན་གྱི་སློབ་གཙོ། ཀྲུང་གོ་ཚན་རིན་གླིང་གི་ཡོན་ཧྲི་ཐན་ཀྲི་མེན་སོགས་མཚོ་སྔོན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་མཐོ་རིམ་སློབ་གྲྭ་དང་དེ་བཞིན་སློབ་གྲྭ་དགུའི་མནའ་འབྲེལ་ཁོངས་མིའི་འབྲེལ་ཡོད་འགོ་ཁྲིད་དང་ཐུག་འཕྲད་བྱས།
ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་སྐུ་མགྲོན་རྣམས་ལ་དགའ་བསུ་དང་བཀའ་དྲིན་ཞུས། ཁོ་ཚོས་བཤད་རྒྱུར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཟབ་མོའི་འོག སློབ་གསོ་པུའུ་དང་ཅང་སུའུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། དེ་བཞིན་མཐོ་རིམ་སློབ་གྲྭ་དག་གི་ནུས་ཤུགས་ཆེན་པོའི་རྒྱབ་སྐྱོར་འོག མཚོ་སྔོན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་ལ་བདེ་བླག་ངང་ཆོག་མཆན་ཐོབ་པར་མ་ཟད་སློབ་བསྡུའི་ལས་དོན་ལེགས་པོར་བསྒྲུབས་པ་དང་། དེ་ནི་སློབ་གསོར་བརྟེན་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ། ལྷག་པར་དུ་མཐོ་སྒང་གི་སློབ་གསོའི་སྤུས་ཚད་མཆོང་སྐྱོད་རང་བཞིན་གྱིས་མཐོར་འདེགས་བྱུང་བའི་མཚོན་རྟགས་གལ་ཆེན་ཞིག་ཡིན་ཞིང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་གང་ལེགས་སྒོས་མངོན་ཡོད། མ་འོངས་པར། མཚོ་སྔོན་གྱིས་སློབ་གསོར་བརྟེན་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པ་དང་། ཤར་ནུབ་རྒྱུད་རོགས་ལས་ཀྱི་རོགས་སྐྱོར་གོ་སྐབས་རྒྱུན་མཐུད་ངང་བེད་སྤྱོད་ལེགས་པོ་བྱས་ཏེ། རང་རྟོགས་སྒོས་ཁ་གཏད་རོགས་སྐྱོར་ཐོན་ཁུངས་དང་སྦྲེལ་མཐུད་བྱེད་པ་དང་། སློབ་གྲྭ་དགུའི་མནའ་འབྲེལ་སོགས་མིང་དུ་གྲགས་པའི་སློབ་གླིང་བར་གྱི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པ། སྐྱེ་ཁམས་དང་ཚྭ་མཚོ། གནམ་དཔྱད་རིག་པ། གནམ་གཤིས། གསོ་རིག་སོགས་ཁྱད་ལྡན་ཁྱབ་ཁོངས་ལ་དམིགས་ཏེ། ཐོན་སློབ་ཞིབ་གསུམ་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་འདེད་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ཐད་སྒུལ་ནུས་གསར་པ་སྩོལ་ངེས་ཡིན་ཟེར།
ཐན་ཀྲི་མེན་གྱིས་བསྟན་དོན། མཚོ་སྔོན་ནི་ཚན་རིག་ཞིབ་འཇུག་སྤེལ་སའི་གནས་ལེགས་པོ་ཞིག་རེད། ནན་ཅིན་སློབ་ཆེན་གྱིས་མཐོ་རིམ་སློབ་གྲྭ་སོ་སོ་དང་མཉམ་འབྲེལ་སྒོས་མཚོ་སྔོན་གྱི་དགོས་མཁོར་དམིགས་ནས། རང་རང་གི་ཁྱད་ཆོས་འདོན་སྤེལ་བྱས་ཏེ་སེམས་ཤུགས་ཡོད་རྒུས་མཚོ་སྔོན་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་། རྒྱུན་ཆད་མེད་པར་མཐུན་སྦྱོར་རོགས་ལས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། མཉམ་ལས་བར་སྟོང་རྒྱ་བསྐྱེད་པ། རྒྱུན་མཐུད་ངང་མཚོ་སྔོན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བར་སྟོབས་ཤུགས་འབུལ་ངེས་ཡིན།
ཞིང་ཆེན་གྱི་འགོ་ཁྲིད་དབྱང་ཀྲི་ཝུན་དང་། སློབ་གསོ་པུའུ་ཡི་བསླབ་གནས་དོ་དམ་དང་ཞིབ་འཇུག་སློབ་མའི་སློབ་གསོ་སི། ཅང་སུའུ་ཞིང་ཆེན་སློབ་གསོ་ཐིང་། ནན་ཅིན་ཆ་འཕྲིན་བཟོ་སྐྲུན་སློབ་ཆེན། ཧྥུའུ་ཏན་སློབ་ཆེན། ཀྲེ་ཅང་སློབ་ཆེན། ནུབ་བྱང་བཟོ་ལས་སློབ་ཆེན། སུའུ་ཀྲོའུ་སློབ་ཆེན། པེ་ཅིང་ཆ་འཕྲིན་ཚན་རྩལ་སློབ་ཆེན་བཅས་ཀྱི་འབྲེལ་ཡོད་བློ་མཐུན་ཐུག་འཕྲད་ལ་ཞུགས།