ཟླ8པའི་ཚེས5ཉིན་ནས་ཚེས6ཉིན་བར། ཞིང་ཆེན་སྲིད་གྲོས་ཀྱིས་རྩ་འཛུགས་བྱས་ཏེ“མཚོ་སྔོན་གྱི་ཚྭའི་ཐོན་ཁུངས་ནུས་ལྡན་ངང་གསར་སྤེལ་བེད་སྤྱོད་བྱེད་པར་སྐུལ་འདེད་བཏང་སྟེ། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི”བསྐྲུན་པར་རོགས་འདེགས་བྱེད་ཅེས་པའི་ཆེད་དོན་གྲོས་མོལ་བྱེད་སྒོ་སྤེལ་ནས། ཆེད་མཁས་པའི་ཞིབ་འཇུག་གྲོས་བསྡུར་དང་དྲིལ་སྒྲོག་འོས་སྦྱོར། ཡུལ་དངོས་ལྟ་ཞིབ་སོགས་ཀྱི་རྣམ་པར་བརྟེན་ནས་མཚོ་སྔོན་གྱི་ཚྭ་མཚོའི་ཐོན་ཁུངས་ནུས་ལྡན་ངང་གསར་སྤེལ་བེད་སྤྱོད་དང་མཚོ་སྔོན་གྱི་ཚྭའི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་རིག་སྟོབས་གཅིག་བསྡུས་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཆེད་མཁས་པའི་ཞིབ་འཇུག་གྲོས་བསྡུར་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་ཆེད་མཁས་པའི་ཞིབ་འཇུག་གྲོས་བསྡུར་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཞའོ་རོང་གིས་ཆེད་མཁས་པའི་ཞིབ་འཇུག་གྲོས་བསྡུར་ཚོགས་འདུར་འགོ་འཛིན་བྱས་པར་མ་ཟད་དྲིལ་སྒྲོག་འོས་སྦྱོར་ཚོགས་འདུའི་སྟེང་ཤིས་ཚིག་ཕུལ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་དང་ཝང་ཀྲིན་ཁྲང་ཚོགས་འདུར་ཞུགས། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་སྐོར་ཞིག་དང་ལས་རིགས་ཀྱི་ཆེད་མཁས་པ། ཞིང་ཆེན་ཐད་གཏོགས་ལས་ཁུངས་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་དང་དེ་བཞིན་ཁེ་ལས་ཀྱི་འཐུས་མི་ཚོགས་འདུར་ཞུགས།
ཆེད་མཁས་པའི་ཞིབ་འཇུག་གྲོས་བསྡུར་ཁྲོད། ཀྲུང་གོའི་ཚྭ་ལས་མཐུན་ཚོགས་དང་། དེ་བཞིན་ས་གནས་ཚྭ་ལས་མཐུན་ཚོགས་དང་ཚན་རིག་ཞིབ་འཇུག་ཁང་། ཞིང་ཆེན་ཕྱི་ནང་གི་མཐོ་རིམ་སློབ་གྲྭ། ཚྭ་ལས་ཁེ་ལས་བཅས་ཀྱི་ཆེད་མཁས་པ་རྣམས་ཀྱིས་ཚྭ་མཚོའི་ཐོན་ཁུངས་བེད་སྤྱོད་དང་མཚོ་སྔོན་གྱི་ཚྭའི་སྤུས་རྟགས་ཆེ་རུ་གཏོང་བ། ཚད་ལྡན་ཅན་གྱི་མ་ལག་བསྐྲུན་པ། ཐོན་ལས་མཉམ་འདྲེས་འཕེལ་རྒྱས་སོགས་ཐད་ནས་བསམ་བློ་བརྗེ་རེས་ཟབ་མོ་བྱས་ཏེ་མི་འདང་སར་དབྱེ་ཞིབ་དང་བྱེད་ཐབས་མང་པོ་བཏོན། དྲིལ་སྒྲོག་འོས་སྦྱོར་བྱེད་སྒོ་ལས་རང་བྱུང་ཚྭ་མཚོ་དང་བདེ་ཐང་གི་བཟའ་བྱའི་ཚྭ། ཚྭ་རྨང་གཞི་ཡིན་པའི་ཁམས་གསོའི་ཐོན་རྫས། ཚྭ་མཚོའི་རིག་གནས་གསར་གཏོད་ཐོན་རྫས་བཅས་གཅིག་བསྡུས་སྒོས་འགྲེམ་སྟོན་བྱས་ཏེ་མཚོ་སྔོན་གྱི་ཚྭ་མཚོའི་ཐོན་ཁུངས་དགེ་མཚན་དང་མཚོ་སྔོན་གྱི་ཚྭའི་ཐོན་ལས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་འཕེལ་རྒྱས་ཀྱི་མདུན་ལྗོངས་བཅས་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ། ནུས་ཤུགས་ཆེན་པོས་མཚོ་སྔོན་གྱི་ཚྭའི་སྤུས་རྟགས་ཀྱི་ཤུགས་རྐྱེན་ནུས་པ་ཆེ་རུ་བཏང་།
མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། མཚོ་སྔོན་གྱི་ཚྭའི་ཐོན་ཁུངས་ནུས་ལྡན་ངང་གསར་སྤེལ་བེད་སྤྱོད་བྱེད་པར་སྐུལ་འདེད་བཏང་ནས། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་བསྐྲུན་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རང་འགུལ་ངང་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བའི་ཞིབ་ཕྲའི་ལག་ལེན་ཡིན། དེང་སྐབས། མཚོ་སྔོན་གྱི་ཚྭ་མཚོའི་ཐོན་ལས་དེ་སྤུས་འདེགས་རིམ་སྤོར་དང་ནུས་རིམ་ཇེ་མཐོར་གཏོང་བའི་གནད་འགག་གི་དུས་སྐབས་སུ་གནས་ཤིང་། སྲིད་ཇུས་ཁྲོམ་ར་དང་གསར་གཏོད་གོ་སྐབས་མང་པོ་སྣོལ་མར་ཡོད་ལ། ཚྭའི་ཁམས་གསོ་དང་ཚྭའི་སྨན་བཅོས། ཚྭའི་རིག་གནས་གསར་གཏོད། ཚྭའི་ཡུལ་སྐོར་སོགས་ལས་རྣམ་གསར་པ་མགྱོགས་མྱུར་སྒོས་དར་ཏེ། འཕེལ་རྒྱས་ཀྱི་གནས་བབ་ལེགས་ཤིང་མདུན་ལྗོངས་རྒྱ་ཆེ། ཐེངས་འདིའི་ཆེད་དོན་གྲོས་མོལ་བྱེད་སྒོ་གོ་སྐབས་སུ་བྱས་ནས་མཚོ་སྔོན་གྱི་ཚྭ་རིགས་ཀྱི་ལོ་ངོ་སྟོང་གི་རིག་གནས་དང་སྐྱེ་ཁམས་དགེ་མཚན་སྔོག་འདོན་ལེགས་པོ་བྱེད་པ་དང་། ལས་རྣམ་སྣ་མང་གི་མཉམ་འདྲེས་མཐུན་སྦྱོར་འཚོལ་ཞིབ་བྱེད་པ། དྲ་ཐོག་དང་ཡུལ་དངོས་ཀྱི་འཁོར་རྒྱུག་ཐབས་ལམ་བཏོད་པ། མཚོ་སྔོན་གྱི་ཚྭའི་ཐོན་ལས་ཀྱི་རིམ་འཇུག་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཐོན་ཁུངས་དགེ་མཚན་དེ་ནུས་ལྡན་ངང་ཐོན་ལས་དགེ་མཚན་དང་དཔལ་འབྱོར་དགེ་མཚན་དུ་བསྒྱུར་རྒྱུའི་རེ་བ་བཅངས་ཡོད། ཞིང་ཆེན་སྲིད་གྲོས་ཀྱིས་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་བྱེད་ནུས་འདོན་སྤེལ་ལེགས་པོ་བྱས་ཏེ། རྒྱུན་རྣམ་ཅན་གྱི་སྒོ་ནས་ཆེད་མཁས་པའི་ཞིབ་འཇུག་གྲོས་བསྡུར་དང་། སྲིད་གཞུང་དང་ཁེ་ལས་སྦྲེལ་མཐུད། རིག་གཞུང་སྤེལ་རེས། གྲུབ་འབྲས་ཚུལ་སྒྱུར་བཅས་ཀྱི་མཐུན་སྦྱོར་སྟེགས་བུ་བསྐྲུན་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚན་རིག་དང་མཐུན་པར་ཇུས་ཐག་གཅོད་པ་དང་། གནད་འཁེལ་ཇུས་བསྟར་བྱེད་པར་དཔྱད་གཞི་དང་གཞི་འཛིན་ས་འདོན་སྤྲོད་བྱས་ཏེ། མཚོ་སྔོན་གྱི་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་བསྐྲུན་པར་ཕྱོགས་ཡོངས་ནས་རོགས་འདེགས་བྱེད་ངེས་ཡིན།
ཆེད་མཁས་པའི་ཞིབ་འཇུག་གྲོས་བསྡུར་དང་དྲིལ་སྒྲོག་འོས་སྦྱོར་བྱས་པའི་རྗེས་སུ། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཁ་ཤས་དང་ལས་རིགས་ཀྱི་ཆེད་མཁས་པ། དེ་བཞིན་སྐུ་མགྲོན་རྣམས་ཚྭ་ཁ་ཚྭ་མཚོར་སོང་ནས་ཡུལ་དངོས་རྟོག་ཞིབ་དང་། མཚོ་སྔོན་གྱི་ཚྭའི་ཐོན་སྐྱེད་དང་། ཚྭ་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས།