ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་ཟླ8པའི་ཚེས5ཉིན་ཉེ་དུས་ན་སོ་དར་ལ་མ་བབས་པའི་མི་དང་འབྲེལ་བ་ཡོད་པའི་འགྲོ་ལམ་འགྲིམ་འགྲུལ་ལས་འཛོལ་དང་། ཁྲིམས་འགལ། ཉེན་ཁའི་གནས་ཚུལ་བཅས་ཀྱི་དཔེ་མཚོན་གྱོད་དཔེ་ཁག་གཅིག་ཁྱབ་བསྒྲགས་བྱས་པ་དང་། ལ་ལར་མི་སྣ་ཤི་རྨས་བྱུང་བ་དང་། ལ་ལར་ཁྲིམས་འགལ་ཚབས་ཆེན་བྱུང་བས་ཚད་མཐོའི་མཐོང་ཆེན་བྱེད་དགོས་པར་བསྟན།
དེའི་ནང་། ཟླ5པའི་ཚེས30ཉིན་ལོ15ལ་སླེབས་པའི་ན་སོ་དར་ལ་མ་བབས་པའི་མི་ཞིག་གིས་ལག་ཁྱེར་མེད་པར་ཁྱིམ་གྱི་རླངས་འཁོར་བསྐོར་ནས་ན་སོ་དར་ལ་མ་བབས་པའི་མི4བླུགས་ཏེ། མྱུར་ཚད་ལས་བརྒལ་བ་དང་བཀོལ་སྤྱོད་འོས་འཚམ་མ་བྱུང་བའི་རྐྱེན་གྱིས་མི2རྐྱེན་ལམ་དུ་ཤོར་བ་དང་། མི3ལ་རྨས་སྐྱོན་ཕོག་ཡོད།
སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་དབྱར་གནང་ནི་ན་སོ་དར་ལ་མ་བབས་པའི་མིའི་འགྲིམ་འགྲུལ་ལས་འཛོལ་དང་། ཁྲིམས་འགལ། ཉེན་ཁའི་གནས་ཚུལ་བཅས་ཐོན་ཚད་མང་བའི་དུས་སྐབས་ཡིན་པས། ཁྱིམ་ཚང་དང་སློབ་གྲྭ ན་སོ་དར་ལ་མ་བབས་པའི་མི་བཅས་ཀྱིས་མཉམ་དུ་ཤུགས་བསྣན་ནས་སློབ་མའི་འགྲིམ་འགྲུལ་བདེ་འཇགས་འགོག་རགས་བརྟན་སྲུང་བྱེད་དགོས།
ཁྱིམ་བདག་ལ་མཚོན་ན། ལོ་ན་མ་སོན་པའི་མིར་ལྟ་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་དགོས་པ་དང་། དུས་རྒྱུན་དུ་འགྲིམ་འགྲུལ་བདེ་འཇགས་སློབ་གསོ་དང་དྲན་སྐུལ་དོ་དམ་བྱ་དགོས། རླངས་འཁོར་དང་། འཕྲུལ་རྟ། གློག་སྒུལ་རྐང་འཁོར། ལྡེ་མིག་བཅས་ཉར་ཚགས་ཡག་པོ་བྱས་ཏེ། ལོ་ན་མ་སོན་པའི་མིས་ཁྲིམས་འགལ་གྱིས་རང་འདོད་སྒོས་རླངས་འཁོར“ལྐོག་གཏོང”བྱེད་པར་སྔོན་འགོག་བྱ་དགོས། ཕྲུ་གུར་ཁྲིམས་མཐུན་ལུགས་མཐུན་གྱི་རླངས་འཁོར་འདེམས་ནས་སྡོད་དགོས་པ་དང་མི་གྲངས་ལས་བརྒལ་བའི་རླངས་འཁོར་དང“རླངས་འཁོར་ནག་པོར”འདུག་རྒྱུར་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས།
སློབ་གྲྭའི་ངོས་ནས་བརྗོད་ན། ན་སོ་དར་ལ་མ་བབས་པའི་མིའི་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་སྒྲོག་དང་དྲན་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་། བདེ་འཇགས་ངང་ཕྱིར་སྐྱོད་བྱེད་པའི་རྒྱུན་ཤེས་ཁྱབ་གདལ་གཏོང་བ། ལག་ཁྱེར་མེད་པར་རླངས་འཁོར་གཏོང་བ་དང“ཁྲོམ་གཞུང་དུ་རླངས་འཁོར་རྒྱུག་འགྲན་བྱེད་པ”། མི་གྲངས་ལས་བརྒལ་བའི་རླངས་འཁོར་དང“རླངས་འཁོར་ནག་པོ”བཅས་ཀྱི་གནོད་འཚེའི་མཇུག་འབྲས་གྱོད་དོན་ལ་བརྟེན་ནས་ཁྲིམས་ལུགས་འགྲེལ་བཤད་བྱེད་དགོས།
ལོ་ན་མ་སོན་པའི་མིས་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་བླང་བྱ་བློ་ལ་བརྟན་པོར་ངེས་དགོས་པ་སྟེ། ལོ12ལ་མ་སོན་པར་རྐང་འཁོར་བཞོན་ནས་གཞུང་ལམ་དུ་བསྐྱོད་མི་ཆོག་པ་དང་། ལོ16ལ་མ་སོན་པར་གློག་སྒུལ་རྐང་འཁོར་བཞོན་ནས་གཞུང་ལམ་དུ་བསྐྱོད་མི་ཆོག རླངས་འཁོར་དང་འཕྲུལ་རྟ“ལྐོག་གཏོང”བྱེད་པ་ནི་ལག་ཁྱེར་མེད་པར་རླངས་འཁོར་གཏོང་བ་གཅིག་མཚུངས་ཡིན་པས། འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱ་སྤྱོད་ཚབས་ཆེན་ཡིན་ལ། རང་འགུལ་ངང་བཀག་འགོག་བྱེད་དགོས། “ཁྲོམ་གཞུང་དུ་རླངས་འཁོར་རྒྱུག་འགྲན་བྱེད་པ”ནི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ཅིག་ཡིན་པས། ཚེ་སྲོག་ལ་གཅེས་སྤྲས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་དགོས་པ་ལས“གདོན་འདྲེའི་ན་གཞོན”བྱ་མི་རུང་། །