ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་རྒྱལ་ཡོངས་ཀྱི་ཁྲིམས་ཁང་དུ་ནག་འཇོམས་ངན་སེལ་ལས་དོན་གཏིང་ཟབ་ངང་སྤེལ་བར་བཀོད་སྒྲིག་བྱས་པ།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནག་ཚོགས་དང་ངན་སྤྱོད་ཀྱིས་རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་ཤིང་། མི་དམངས་མང་ཚོགས་ཀྱིས་དེ་དག་ལ་ཞེན་པ་གཏིང་ནས་ལོག་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནག་འཇོམས་ངན་སེལ་འཐབ་རྩོད་ཐད་མཛུབ་སྟོན་གལ་ཆེན་གནང་བ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ནག་འཇོམས་ངན་སེལ་གྱི་ལས་དོན་གཏིང་ཟབ་ངང་སྤེལ་བའི་སྐོར་ནས་བཀོད་སྒྲིག་གལ་ཆེན་གནང་ཡོད། རྒྱལ་ཡོངས་ནག་འཇོམས་ངན་སེལ་བརྙན་འཕྲིན་ཚོགས་འདུ་ལས་བླང་བྱ་གསལ་པོ་བཏོན་པ་ལྟར་ན། མི་དམངས་ཁྲིམས་ཁང་གིས་ལག་བསྟར་ཇི་ལྟར་བྱེད་དགོས་པ་དང་། "ཆབ་སྲིད་ཐོག་ནས་བལྟ་བ་དང་ཁྲིམས་ལུགས་ལྟར་སྒྲུབ་དགོས་པའི"རྩ་དོན་ལག་ལེན་མཐར་ཕྱིན་བྱས་ནས། འདྲི་གཅོད་དང་ལག་བསྟར་ལས་འགན་གཙོ་བོར་བཟུང་སྟེ་ཆེད་དོན་འགུལ་སྐྱོད་དངོས་ཕན་ཐོན་པར་སྐུལ་འདེད་གཏོང་དགོས། ཉེ་ཆར་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་རྒྱལ་ཡོངས་ཁྲིམས་ཁང་གི་ནག་འཇོམས་ངན་སེལ་ལས་དོན་གཏིང་ཟབ་ངང་སྤེལ་བའི་སྐུལ་སློང་ཚོགས་ཆེན་འཚོགས་ཏེ། རྒྱལ་ཡོངས་ཁྲིམས་ཁང་དུ་ནག་འཇོམས་ངན་སེལ་གྱི་ལས་དོན་གཏིང་ཟབ་ངང་སྤེལ་བར་བཀོད་སྒྲིག་བྱས། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཡོན་ཀྲང་ཀྲང་ཅུན་ཚོགས་འདུ་ལ་ཞུགས་ཏེ་གསུང་བཤད་གནང་།

"ད་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ"མགོ་རྩོམ་པའི་ལོ་ཡིན་པས། ཏང་ཀྲུང་དབྱང་གིས་ནག་འཇོམས་ངན་སེལ་གྱི་ལས་དོན་གཏིང་ཟབ་ངང་སྤེལ་བར་དོན་སྙིང་གལ་ཆེན་ལྡན"། གྲོས་ཚོགས་ལས་བསྟན་དོན། ཏང་ཀྲུང་དབྱང་གི་བཀོད་འདོམས་འདིར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་ཁོར་ཡུག་བརྟན་པོ་བསྐྲུན་རྒྱུར་དམིགས་པའི་འཐབ་ཇུས་བསམ་བློ་ཡོད་པ་མ་ཟད། ཆུ་ཚད་སྔར་ལས་མཐོ་བའི་ཞི་བདེ་ཀྲུང་གོ་དང་ཁྲིམས་སྐྱོང་ཀྲུང་གོ་བསྐྲུན་པ་དང་། ཆབ་སྲིད་སྐྱེ་ཁམས་གཙང་མ་སྲ་བརྟན་དུ་གཏོང་བ། རྒྱུན་ཆད་མེད་པར་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཇེ་ཆེར་གཏོང་བ་བཅས་ཀྱི་ཆབ་སྲིད་འགན་འཁྲི་ཡང་འདུས་ཡོད། དུས་མཚུངས་སུ་ནག་ཚོགས་ཉེས་གསོག་འཕེལ་ཕྱོགས་གསར་པ་དང་ཁྱད་ཆོས་གསར་པར་ཁ་གཏད་གཅོག་པའི་དགོས་མཁོ་ཛ་དྲག་ཅིག་ཀྱང་ཡིན། རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་གིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་དོན་དང་སྤྱི་ཡོངས་རྒྱལ་ཁབ་བདེ་འཇགས་ལྟ་བ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། བློ་རྩ་བརྟན་པོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་སྟེང་གཅིག་གྱུར་ཡོང་བ་བྱེད་དགོས་པ་དང་།"ཟབ་སྤེལ"ཞེས་པའི་ཚད་གཞི་མཐོ་བ་དང་རེ་བ་ནན་མོ་ཡིན་པ་ངོས་འཛིན་ཟབ་མོ་བྱས་ཏེ། ཆད་ལུས་མེད་པར་ལག་བསྟར་ལེགས་པོ་བྱེད་ཅིང་། ཁྲིམས་འཛིན་འདྲི་གཅོད་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་བཅའ་ཁྲིམས་གཞིར་བཟུང་སྟེ། སྟོབས་ཤུགས་ནུས་ལྡན་ངང་ནག་འཇོམས་ངན་སེལ་གྱི་ལས་དོན་གཏིང་ཟབ་སྤེལ་བར་སྐུལ་འདེད་གཏང་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། མིག་སྔར་ནག་ཚོགས་དང་འབྲེལ་བའི་བྱ་སྤྱོད་མངོན་ཚུལ་གསར་པ་དང་ཁྱད་ཆོས། འཕེལ་ཕྱོགས། ཆོས་ཉིད་གསར་བ་རྣམས་ལ་གཞིགས་ནས། ཆེད་དམིགས་བཅོས་སྐྱོང་དང་མ་ལག་རང་བཞིན་གྱི་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། ཁྲིམས་ལྟར་བཅོས་སྐྱོང་། འབྱུང་ཁུངས་བཅོས་སྐྱོང་བཅས་ཟུང་འབྲེལ་དམ་པོ་བྱེད་པ་དང་། ནག་ཚོགས་སྟོབས་ཤུགས་རྡུང་རྡེག་གཏོང་བ་དང་རུལ་སུངས་ངོ་རྒོལ་གཉིས་ཟུང་སྦྲེལ་བྱས་ཏེ། ཡུན་རིང་འཐབ་རྩོད་རྒྱུན་འཁྱོངས་དང་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་བ། རྩ་བ་བཅོས་པ་དང་རྟགས་མཚན་གཉིས་ཀ་བཅོས་པ། ལྟ་སྐུལ་གནད་འཁེལ་བཅས་བྱས་ནས་ནག་སེལ་གྱི་ལས་དོན་ཚད་ལྡན་ཅན་དང་ལམ་ལུགས་ཅན། ཆེད་ལས་ཅན་དུ་འགྱུར་ཚད་ཇེ་མཐོར་བཏང་སྟེ། བཅའ་ཁྲིམས་ལྟར་རང་འཁྲི་སྒྲུབ་པ་དང་། འདྲི་གཅོད་དང་ལག་བསྟར་ལས་འགན་གཙོ་བོ་གཞིར་བཞག་ནས་མཉམ་ཤུགས་ཆགས་པར་སྐུལ་མ་གཏོང་བ་དང་། ཁྲིམས་ལྟར་རྡུང་རྡེག་དྲག་པོ་གཏོང་བ་དང་བཅའ་ཁྲིམས་ནན་ཏན་གྱིས་གྱོད་གཞི་ཐག་གཅོད་པ་གཉིས་དོ་སྙོམས་ཡོང་བ། ཁྱོན་ཡོངས་ནས་ནུས་ཤུགས་འདོན་པ་དང་གནད་འགག་འབུར་ཐོན་བྱ་བ་གཉིས་མཐུན་སྦྱོར་བྱེད་པ། ཆེད་དོན་བྱེད་སྒོ་གཏིང་ཟབ་ངང་སྤེལ་བ་དང་རྒྱུན་རྣམ་ཡུན་གནས་ཐུབ་པ་གཉིས་ཕན་ཚུན་འབྲེལ་བ་དམ་ཟབ་འཛུགས་པ་བཅས་བྱས་ཏེ། ནག་ཚོགས་ཡིན་མིན་གཅིག་ཀྱང་མ་ལུས་པར་དབྱེ་བ་གསལ་འབྱེད་ཐུབ་པར་ཁག་ཐེག་བྱེད་དགོས། མགོ་ཁྲིད་སྒྲིག་འཛུགས་ལ་ཤུགས་སྣོན་བརྒྱབ་སྟེ་ཆེད་དོན་བྱ་འགུལ་འདི་ཆབ་སྲིད་འོས་འགན་གལ་ཆེན་དང་དམངས་འཚོ་ལས་གཞི་འགངས་ཆེན་དུ་བརྩིས་ནས། མགོ་ཁྲིད་པ་ཨང་དང་པོ་ལྟ་བུར་བརྩི་དགོས་པ་དང་། འཆར་གཞི་ཞིབ་ཕྲ་བཟོས་ནས་གོ་རིམ་བཞིན་དུ་བསྒྲུབས་ཏེ་གྲུབ་འབྲས་བཟང་པོ་ཐོབ་པར་ཁག་ཐེག་བྱེད་དགོས། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཆབ་སྲིད་དང་སྤྱི་ཚོགས་ཁོར་ཡུག་སྔར་ལས་བརྟན་པོ་དང་བདེ་འཇགས་བསྐྲུན་དགོས།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ། ཉིན་རྒྱུན་བྱ་བར་དོ་དམ་བྱེད་པའི་ཡོན་ཀྲང་གཞོན་པ་ཏེང་ཞིའུ་མིང་གིས་མགོ་འཛིན་བྱས། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་པེ་ཅིན་གྲོང་ཁྱེར་དུ་བཞུགས་པའི་མགོ་ཁྲིད་ཡོངས་དང་སྡེ་ཚན་སོ་སོའི་འགན་འཁུར་བློ་མཐུན་རྣམས་དང་། ས་གནས་རིམ་པའི་མི་དམངས་ཁྲིམས་ཁང་གི་མགོ་ཁྲིད་པ་དང་སྡེ་ཁག་སོ་སོའི་འགན་འཁུར་བློ་མཐུན་རྣམས་ཚོགས་འདུར་ཞུགས་ཡོད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།