“མཚོ་སྔོན་པོ་སྨོན་ལམ་མཐོན་པོ”དང“མི་རིགས་མཐུན་སྒྲིལ་ཡར་ཐོན་རྟགས་མའི”ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བཅུ་པ་འཚོགས།

ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།

ཟླ8པའི་ཚེས5ཉིན། “མཚོ་སྔོན་པོ་སྨོན་ལམ་མཐོན་པོ”དང“མི་རིགས་མཐུན་སྒྲིལ་ཡར་ཐོན་རྟགས་མའི”ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བཅུ་པའི་མགོ་རྩོམ་མཛད་སྒོ་དེ་མཚོ་བྱང་ཁུལ་མདའ་བཞི་རྫོང་མཚོ་སྔོན་པོ་སྨོན་ལམ་མཐོན་པོའི་སྒར་ཕྱིའི་རྟེན་གཞི་རུ་གཟབ་རྒྱས་ངང་འཚོགས།

སྔ་དྲོའི་ཆུ་ཚོད10སྟེང་། མགོ་རྩོམ་མཛད་སྒོ་དེ«རང་རེའི་ཀྲུང་ཧྭ་ལ་དགའ་ཞེན»ཞེས་པའི་ཞབས་བྲོ་ཁྲོད་དངོས་སུ་མགོ་བརྩམས་ཤིང་། དེའི་རྗེས། གླུ་གཞས«མདའ་བཞི། ངའི་ཕ་ས་དྲོན་མོ»དང«བྲོ་ར་ཁྲ་མོ» «ཤིང་ཡར་སྐྱེས་རྩེ་ལ་ལྷ་བྱ་བབས» བསྟོད་པ«ཕ་ཡུལ་ལ་བསྟོད་པ»སོགས་འཁྲབ་སྟོན་བྱས་ལ། ཧོས་རིགས་ཀྱི་ཞབས་བྲོ«མེ་ཏོག་མཛའ་གཞས»དང«རྒྱང་ཐག་རིང་བའི་གནས་དེ་ན»སོགས་མི་རིགས་ཀྱི་ཁྱད་ཆོས་མངོན་པར་དོད་པའི་འཁྲབ་སྟོན་གཅིག་རྗེས་གཉིས་མཐུད་དུ་བྱས་ལ། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཟབ་མོ་དང་། མཛེས་སྡུག་ལྡན་པའི་རྒྱན་གོས་དང་ཞབས་བྲོ། སྙན་འཇེབས་ཀྱི་གླུ་སྒྲའི་འགྱུར་ཁུག་བཅས་ལ་ཀུན་གྱིས་དགའ་བསུ་བླ་ལྷག་ཐོབ།

རིག་རྩལ་འཁྲབ་སྟོན་ཧྲིལ་པོར་ངོ་མཚར་ལྟད་མོས་ཕྱུག་ཅིང་ཁྱད་ཆོས་སྣ་མང་ལྡན་ཡོད། འཁྲབ་སྟོན་མི་སྣས་གར་གྱི་སྟངས་སྟབས་མངོན་ཞིང་སྐད་ངག་སྙན་མོས་གླུ་དབྱངས་ལེན་པ་དང་། མཛེས་སྡུག་ལྡན་པའི་ཞབས་བྲོ་འཁྲབ་པ་སོགས་ཀྱིས་ལྟད་མོ་བ་རྣམས་ཚོན་མདངས་རྣམ་པར་བཀྲ་བའི་སྒྱུ་རྩལ་གྱི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་མི་རྣམས་ཀྱི་ཡིད་དབང་རབ་ཏུ་བཀུག་ཡོད།

"ལ་གཞས"ནི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཤིག་ཡིན་པའི་ངོས་ནས་ལོ་རྒྱུས་ཀྱི་རྒྱུན་རིང་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ཡིད་དབང་འཕྲོག་ཤུགས་ལྡན། འཁྲབ་སྟོན་གྱི་ནང་དོན་སོགས་ཕུན་སུམ་ཚོགས་པས་ལོ་ངོ་སྟོང་ཕྲག་རིང་མི་རིགས་སོ་སོའི་ཕུན་སུམ་ཚོགས་པའི་རིག་གནས་གསོག་འཇོག་དང་སྤྱི་ཚོགས་ཐུན་མོང་གི་ཤེས་རབ་ཀྱི་སྒྱུ་རྩལ་ཉིང་བཅུད་ཅིག་ཡིན། མི་རྣམས་ཀྱིས་ཡིད་འོང་གི་འཚོ་བར་བསྟོད་གླུ་འབུལ་བ་དང་དྭངས་གཙང་ལྷད་མེད་ཀྱི་བརྩེ་དུང་མཚོན་པར་བྱེད་པ། ལྷག་བསམ་ཟོལ་མེད་ཀྱི་བརྩེ་བ་མཚོན་པར་བྱེད་པའི་དགའ་ཞེན་དང་མཛེས་པ་དོན་གཉེར་བྱེད་པའི་སྒྱུ་རྩལ་གྱི་རྣམ་པ་གལ་ཆེན་ཞིག་ཡིན་ལ་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ཀྱི་གཅེས་ནོར་ཞིག་ཀྱང་ཡིན།

“ཉིན་གཉིས་ཀྱི་སྔོན་ལ་དེ་རིང་མཚོ་སྔོན་པོའི་འགྲམ་དུ"ལ་གཞས"འགྲན་སྡུར་སྤེལ་རྒྱུ་ཡིན་པ་ཐོས་པས། ཁ་སང་ང་ཚོ་ཆེད་དུ་རྐང་ཚ་རྫོང་ནས་འདིར་ལྟད་མོར་ཡོང་བ་ཡིན། སྨོན་ལམ་མཐོན་པོའི་འདབས་སུ"ལ་གཞས"ལ་ཉན་པ་དང་གླུ་གར་ལ་ལྟ་ཐུབ་པས་སེམས་པ་དགའ་བས་ཁེངས་བྱུང”ཞེས་རྐང་ཚ་རྫོང་མཚོ་འཁྱིལ་ཡུལ་ཚོ་བྲ་སོག་སྡེ་བ་ནས་ཡོང་བའི་བླ་མ་ཚེ་བརྟན་བཟའ་ཟླ་གཉིས་ཀྱིས་དེ་ལྟར་བཤད།

ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ལམ་བུའི་ཐོག་འབད་བརྩོན་ལྷོད་མེད་བྱས་པ་དེ་སྙན་འཇེབས་ཀྱི་གླུ་སྐད་རེ་རེ་དང་ཞབས་བྲོའི་སྟངས་སྟབས་རེ་རེ་ཁྲོད་འདྲེས་ཡོད་ཅིང་། གླུ་སྒྲས་རིག་གནས་བརྗེ་རེས་ཀྱི་ཟམ་པ་བསྐྲུན་ནས“མཛའ་གཞས་ཀྱི་ཕ་ས”ཞེས་པའི་གསེར་གྱི་མིང་བྱང་དེ་ཇེ་རྒྱས་ཇེ་ལེགས་སུ་བཏང་བར་མ་ཟད། མཚོ་བྱང་གི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད།  

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།