དྲ་རྒྱའི་བར་སྟོང་བཅོས་སྐྱོང་གི་སྒྲིག་ལམ་སྔར་ལས་ཚད་ལྡན་དུ་བཏང་སྟེ། དྲ་རྒྱའི་བར་སྟོང་གི་བདེ་འཇགས་ལ་གནོད་པའི་བྱ་སྤྱོད་རིགས་མི་འདྲ་བ་འགོག་ཟོན་དང་། དྲ་རྒྱའི་སྟེང་གི་འཆལ་གཏམ་དང་ལོག་སྤྱོད་སྤེལ་མཁན། སྒྲིག་འགལ་གྱིས་ཆ་འཕྲིན་མི་ལེགས་པ་སྒྲོག་མཁན། དྲ་རྒྱ་གཉེར་སྐྱོང་བྱེད་པོས་དྲ་རྒྱའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་ལག་བསྟར་མི་བྱེད་པ་ལ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏང་ཆེད། ཉེ་ལམ་ཡ་རྫི་རྫོང་སྤྱི་བདེ་ཅུས་དྲ་རྒྱའི་བདེ་འཇགས་སྲུང་སྐྱོབ་རུ་ཆེན་གྱིས་བདག་གཉེར་གྱི་འགན་ཁུར་ལ་གཞི་བཙུགས་ཏེ། དྲ་རྒྱའི་ཁྲིམས་འགལ་གྱི་ཡ་མ་བརླའི་བྱ་སྤྱོད་རིགས་ལ་ཕྱོགས་བསྡུས་ཐོག་བཅོས་སྐྱོང་དག་ཐེར་བྱས།

ཆེད་དོན་དག་ཐེར་གྱི་ཁྲོད་དུ་དྲ་ཐོག་གི་གནས་ཚུལ་ལ་ཞིབ་བཤེར་བྱས་པ་གཞི་བྱས་ཏེ། ཁོངས་གཏོགས་ས་ཁུལ་གྱི་བརྙན་ཐུང་འཕྲིན་སྟེགས་དང་སྤྱི་ཚོགས་འབྲེལ་འདྲིས་ཚོགས་པ་སོགས་ཀྱི་དྲ་འབྲེལ་གནད་དོན་ཅན་གྱི་ཁོངས་སྣེ་ལ་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱས་ནས་ཞིབ་བཤེར་བྱས་པ་ན། ས་ཁོངས་ཀྱི་དྲ་རྒྱའི་བར་སྟོང་དུ་སྔར་བཞིན་ཉེན་ཁ་ཅན་དང་ཚད་ལྡན་མིན་པའི་དྲ་གཉེར་བྱ་སྤྱོད་གནས་ཡོད། དེ་ལས་དྲ་དཔོན་ཁ་ཅིག་གིས་དྲ་བའི་བཞུར་རྒྱུན་གྱི་ཁེ་ཕན་ཕྱོགས་རེ་བ་ཁོ་ནར་སྙེག་ཏེ། འཆལ་སྤྱོད་ལ་སོགས་ངོ་ཚ་ཁྲེལ་གཞུང་དང་བྲལ་ཞིང་མི་གཞི་དང་འགལ་པའི་འཁྲབ་སྟོན་སྣ་ཚོགས་ལ་བརྟེན་ནས་དོ་སྣང་བྱེད་མཁན་འགུག་བཞིན་ཡོད་པས། དྲ་རྒྱའི་བརྒྱུད་སྒྲོག་གི་སྒྲིག་སྲོལ་ལ་གཏོར་བརླག་ཚབས་ཆེན་བཟོས་དང་བཟོ་བཞིན་ཡོད་པ་མ་ཟད། སྤྱི་ཚོགས་སྤྱིའི་སྒྲིག་རིམ་དང་སྲོལ་བཟང་དར་སྤེལ་དང་རྒྱབ་འགལ་ཏུ་སོང་ཡོད། དེ་བཞིན་དུ་མང་ཚོགས་ལ་ལ་ཞིག་དྲ་ཐོག་གི་དྲ་རྒྱའི་རྒྱན་འགྱེད་ཤོ་རྒྱག་གི་ལས་ལ་ཞུགས་ཏེ་བདེ་སྐྱོང་ཐད་ཉེན་ཁ་ཅི་རིགས་ཤིག་སློང་བཞིན་ཡོད། གཞན་ད་དུང་དྲ་དམངས་ཁག་ཅིག་གིས་གང་འདོད་དུ་དྲ་ཐོག་གི་གནོད་བྱེད་ཆ་འཕྲིན་རིགས་མི་འདྲ་བ་སྒྲིག་རྩོམ་དང་བརྒྱུད་བསྐུར་བྱས་ནས་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོ་བཞིན་འདུག།
རྩད་ཞིབ་བྱུང་བའི་ཁུངས་སྣེ་དག་ལ་དམིགས་ཏེ། གྱོད་སྒྲུབ་ཉེན་རྟོག་པས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་སྐྱོང་དོ་དམ་ཆད་གཅོད་བཅའ་ཁྲིམས》《དྲ་རྒྱའི་ཆ་འཕྲིན་ནང་དོན་གྱི་སྐྱེ་ཁམས་བཅོས་སྐྱོང་གཏན་འབེབས》《དྲ་རྒྱའི་ཆོས་ལུགས་ཀྱི་ཆ་འཕྲིན་ཞབས་ཞུ་དོ་དམ་བྱེད་ཐབས》《དྲ་རྒྱའི་ཆ་འཕྲིན་ཞབས་ཞུ་དོ་དམ་བྱེད་ཐབས》སོགས་བཅའ་ཁྲིམས་ཁྲིམས་སྲོལ་གྱི་ནང་ལྟར། ཁྲིམས་འགལ་ཉེས་ཅན10ཁྲིམས་བཞིན་དུ་རྩད་ཞིབ་བརྒྱུད་ཐག་གཅོད་བྱས་པ་དང་ཆབས་ཅིག ཐ་ཚིག་བསྒྲགས་ནས་དུས་བཏབ་བསླབ་འདོམས་ཐོག་བབ་བསྟུན་གྱི་སྲིད་འཛིན་ཆད་པ་བཅད་པ་དང་། སྒྲིག་འགལ་གྱི་ཐད་གཏོང་རྩིས་ཐོའི་སྒོ་རྒྱག་ཏུ་བཅུག དེ་དང་མཉམ་དུ་ཡུལ་དངོས་ཀྱི་གྱོད་འབྲེལ་མི་སྣར་བཅའ་ཁྲིམས་ཁྲིམས་སྲོལ་དང་། མི་རིགས་ཆོས་ལུགས་སྲིད་ཇུས་ཕྱོགས་ནས་ཆེད་དུ་སྒྲོག་འགྲེལ་དང་ཉེན་བརྡའི་སློབ་གསོ་བཏང་སྟེ། དཔལ་ཡོན་ཁྲིམས་སྐྱོང་གི་སྒོ་ནས་དྲ་བ་གཉེར་རྒྱུའི་ཁས་ལེན་ཡི་གེ་ལ་མིང་རྟགས་བཀོད་དུ་བཅུག་པ་བཅས་དྲ་རྒྱའི་བྱ་སྤྱོད་དང་ལྟ་བ་ཡང་དག་ཐད་ལ་ཁྲིད་སྟོན་ཡག་པོ་བྱས།
དྲ་རྒྱའི་ཉེན་རྟོག་ཕྱོགས་ཀྱིས་ཤ་ཚའི་གསལ་འདེབས་ཞུ་དོན།
དྲ་རྒྱའི་བར་སྟོང་ནི་རྒྱལ་ཁྲིམས་ཀྱིས་མི་ཟིན་པ་ཞིག་མ་ཡིན་ཏེ། དྲ་དམངས་ཡོངས་དང་དྲ་རྒྱའི་ལས་གཉེར་མཁན་ཡོངས་ཀྱིས་དྲ་སྒང་དུ་སྤེལ་བའི་གཏམ་བརྗོད་དང་བྱ་སྤྱོད་འདྲ་མིན་ཅི་རིགས་ལ་ཁྲིམས་ཀྱིས་ཚོད་འཛིན་བྱས་ཡོད་པས། དྲ་དཔོན་དག་གིས་བཞུར་རྒྱུན་བླ་ན་མཐོ་བའི་ནོར་འཁྲུལ་གྱི་ལྟ་སྟངས་ཡལ་བོར་དོར་ཏེ། ངོ་ཚ་ཁྲེལ་གཞུང་དང་བྲལ་བའི་བྱ་སྤྱོད་ཅི་རིགས་ལ་བརྟེན་ནས་དོ་སྣང་ཁོ་ནར་འཐིམས་པའི་ཡ་མ་བརླའི་བྱ་སྤྱོད་རིགས་མཚམས་འཇོག་དགོས། རྒྱ་ཆེའི་མང་ཚོགས་རྣམས་ལ་མཚོན་ན་ཡང་དྲ་རྒྱའི་སྒང་གི་རྒྱན་འགྱེད་ཤོ་རྒྱག་དང་རིང་དུ་གྱེད་དེ། དེའི་སྐོར་གྱི་སྦྲེལ་གནས་མི་ཕྱེ་ཞིང་མི་བསྐུར་བ། རྒྱན་འགྱེད་ཤོ་རྒྱག་གི་ནང་དུ་ཞུགས་པར་རྩ་འཛུགས་མི་བྱེད་ཅིང་གཡོ་ཁྲིད་མི་བྱེད་པ། མ་སྐུལ་རང་རྟོགས་ཀྱི་སྒོ་ནས་འཆལ་གཏམ་མི་སྨྲ་ཞིང་མི་སྒྲོག་པ། མི་ཉན་པ། རང་འགུལ་གྱིས་རྫུན་བཟོ་དང་གཏམ་སྤྱོད་སོགས་སྐྱེ་བོ་ཐ་མལ་བའི་རང་མཚང་འབྱིན་པའི་བྱ་སྤྱོད་རིགས་མི་སྤེལ་བ་དང་། རང་གཞན་གཉིས་ལ་གནོད་པའི་ཆ་འཕྲིན་རིགས་གང་དགར་མི་བསྐུར་བར་མཁྱེན།
རྒྱ་ཆེའི་དྲ་དམངས་ཀྱིས་རང་རྟོགས་ཡོད་པའི་སྒོ་ནས་དྲ་རྒྱའི་སྒང་གི་བྱ་སྤྱོད་ཐ་ཤལ་རིགས་དང་རྒྱང་དུ་གྱེད་དེ། དྲ་རྒྱའི་ལྟ་རྟོག་དོ་དམ་གྱི་ཁྲོད་ཞུགས་རོགས། གལ་ཏེ་ཁྲིམས་འགལ་གྱི་ཐད་གཏོང་ངམ་ཆ་འཕྲིན་རིགས་མཐོང་ན། ལམ་སེང་དྲ་རྒྱའི་ཉེན་རྟོག་འཕྲིན་སྟེགས་སམ་སྤྱི་བདེ་ལས་ཁུངས་ལ་ཞུ་གཏུག་བྱོས་དང་། ང་ཚོས་མཉམ་དུ་དྲ་རྒྱའི་བར་སྟོང་གཙང་མ་ཞིག་སྲུང་སྐྱོང་བྱེད།