ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་བདུན་པར་འགོ་འཛིན་མཛད།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

 

ཟླ7པའི་ཚེས30ཉིན་གྱི་ཕྱི་དྲོར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྤུས་ཚད་མཐོ་བའི་སྒོ་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་གཞིགས་ནས་ཐུན་མོང་སློབ་སྦྱོང་ཐེངས་ཉེར་བདུན་པ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་འགོ་འཛིན་མཛད་སྐབས་ནན་གྱིས་བསྟན་དོན། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་སུ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། དུས་རབས་གསར་པའི་དམག་དཔུང་སྟོབས་ལྡན་དུ་བསྒྱུར་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ། ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་གསར་གཏོད་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བ། སྤུས་ཚད་མཐོ་བའི་སྒོ་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ། དམག་འཛུགས་ཀྱི་ལོ་བརྒྱའི་འབད་འཐབ་དམིགས་འབེན་དུས་ལྟར་མངོན་འགྱུར་བྱེད་པ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་ཐད་ནས་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ལེན་པར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཕྱོགས་ཡོངས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ཐད་འཐབ་ཇུས་ཀྱི་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱེད་དགོས།

ཐེངས་འདིའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་དེ་བརྒྱད་གཅིག་དམག་འཛུགས་དུས་ཆེན་གྱི་སྔ་ནུབ་ཏུ་འཚོགས། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག དམག་དཔུང་གི་ཞི་བའི་ལས་འགན་འཁུར་མཁན། གྲ་སྒྲིག་དམག་ཞབས་མི་སྣ། དམངས་དམག་བཅས་ལ་དུས་ཆེན་གྱི་སྨོན་འདུན་ཞུས།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་འཐབ་ཇུས་འཆར་འགོད་གཞུང་སྒྲུབ་ཁང་གི་བློ་མཐུན་སུན་ཀྲིན་གྱིས་སྤུས་ཚད་མཐོ་བའི་སྒོ་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གནད་དོན་ལ་འགྲེལ་བཤད་བྱས་པ་དང་། བྱ་བའི་གྲོས་གཞི་བཏོན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་འགྲེལ་བཤད་ལ་ནན་ཏན་སྒོས་ཉན་པ་མ་ཟད་གྲོས་བསྡུར་བྱས།

ཞི་ཅིན་ཕིང་གིས་འགྲེལ་བཤད་དང་གྲོས་བསྡུར་ལ་གསན་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན།  སྤུས་ཚད་མཐོ་བའི་སྒོ་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དགོས་ངེས་ཀྱི་དོན་སྙིང་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་གི་ལོ་བརྒྱར་འཕྲད་མ་མྱོང་བའི་འཕོ་འགྱུར་ཆེན་པོར་གཅིག་འདོམས་བྱས་ནས། དམག་དཔུང་སྟོབས་ལྡན་དང་དར་རྒྱས་གཏོང་རྒྱུ་དེ་ཏང་དང་རྒྱལ་ཁབ་ལས་དོན་གྱི་འབུར་ཐོན་གོ་གནས་སུ་བཞག་པ་དང་། ཏང་གི་དམག་དཔུང་གི་འགོ་ཁྲིད་བརྟན་པོ་བློ་བརྟན་འགྱུར་མེད་ཀྱིས་མཐའ་འཁྱོངས་དང་ཤུགས་བསྣན་ལ། ཏང་གི་དུས་རབས་གསར་པའི་དམག་དཔུང་སྟོབས་ལྡན་དུ་བསྒྱུར་བའི་དམིགས་འབེན་གསལ་པོར་བཏོན་པ་དང་། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་བསྒྱུར་བའི“གོམ་བགྲོད་གསུམ”གྱི་འཐབ་ཇུས་གསར་པ་ཇུས་འགོད་དང་ལག་བསྟར་བྱས་ཤིང་། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་དང་། བཅོས་བསྒྱུར་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་བསྒྱུར་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་བསྒྱུར་བ། འཇོན་མིར་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་བསྒྱུར་བ།  ཁྲིམས་ལྟར་དམག་དཔུང་སྐྱོང་བ་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་། ཕྱོགས་གཅིག་ནས་འཐབ་རྩོད་དང་ཕྱོགས་གཅིག་ནས་དམག་གྲབས། ཕྱོགས་གཅིག་ནས་འཛུགས་སྐྲུན་བྱས་པས། རང་དམག་གི་དེང་རབས་ཅན་གྱི་ཆུ་ཚད་དང་དངོས་འཐབ་ནུས་པ་མངོན་གསལ་སྒོས་ཇེ་མཐོར་སོང་བ་དང་། དམག་དཔུང་སྟོབས་ལྡན་དུ་བསྒྱུར་བའི་ལས་དོན་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་པ་ནི་མི་དམངས་དམག་དཔུང་འཛུགས་པའི་རྩ་བ་ཡིན་པ་དང་། དེ་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྱོང་གི་ཁ་ཕྱོགས་དང་གཞི་མདངས་དང་འབྲེལ་ཡོད། ཏང་གིས་དམག་དཔུང་གི་འགོ་ཁྲིད་བརྟན་པོ་རྒྱུན་འཁྱོངས་དང་ཤུགས་སྣོན། དུས་རབས་གསར་པའི་ཆབ་སྲིད་དམག་འཛུགས་ཀྱི་ཇུས་གཞི་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། གཞུང་ལུགས་ཀྱིས་ངེས་ཤེས་བསྐྱེད་པར་ཤུགས་སྣོན་པ། བསམ་བློ་དག་ཐེར་ཟབ་སྤེལ་བྱེད་པ། དཔོན་དམག་གིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་བསམ་བློའི་རྨང་གཞི་ཇེ་བརྟན་དུ་བཏང་ནས། དམག་དཔུང་གིས་ནམ་ཡང་ཏང་གི་བཀོད་འདོམས་ལ་ཉན་པར་ཁག་ཐེག་བྱེད་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བ་དང་། ལས་གཞི་གལ་ཆེན་གྱི་ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་བཏང་སྟེ། འཛུགས་སྐྲུན་སྣ་ཚོགས་ཀྱི་སྤུས་ཚད་དང་ནུས་པ། སྤྱོད་གཙང་བཅས་ཀྱིས་མཐིལ་འདེགས་ཐུབ་པར་ཁག་ཐེག་བྱེད་དགོས། 

ཞི་ཅིན་ཕིང་གིས་བསྟན་དོན། སྤུས་ཚད་མཐོ་བའི་སྒོ་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྩ་བའི་ཕྱོགས་སྟོན་དང་ཞིབ་བཤེར་གྱི་ཚད་གཞི་དེ་ཐོག་མཐའ་བར་གསུམ་དུ་འཐབ་འཛིང་གི་ནུས་པ་ཡིན། མི་མེད་རིག་ནུས་ལག་རྩལ་གྱི་དམག་དོན་ཉེར་སྤྱོད་ལ་ཤུགས་སྣོན་པ་དང་། དྲ་རྒྱའི་ཆ་འཕྲིན་མ་ལག་འཛུགས་སྐྲུན་དང་བེད་སྤྱོད་གཏིང་ཟབ་བྱས་ནས། རིག་ནུས་ཅན་གྱི་དམག་དོན་མ་ལག་རིམ་བཞིན་འཛུགས་དགོས། དམག་འཐབ་ནུས་པའི་མ་ལག་འདུས་གྲུབ་ལ་ཤུགས་སྣོན་པ་དང་། དངོས་འཐབ་ཅན་གྱི་ཞིབ་བཤེར་དཔྱད་འཇོག་ལེགས་པོ་སྒྲུབ་པ། དམག་སྦྱོང་དམག་གྲབས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་ནུས་ལྡན་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། གཞི་གཅིག་ཅན་གྱི་རྒྱལ་ཁབ་འཐབ་ཇུས་མ་ལག་དང་ནུས་པ་སྲ་བརྟན་དང་ཇེ་མཐོར་གཏོང་རྒྱུ་ནི་སྤུས་ཚད་མཐོ་བའི་སྒོ་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་བསྒྱུར་བའི་ལྡོག་མེད་ཀྱི་ལམ་བུ་ཡིན། དམག་དོན་བཅོས་སྐྱོང་ལ་ཤུགས་སྣོན་པ་དང་། དམག་དཔུང་དང་ས་གནས་བརྒལ་བའི་བཅོས་བསྒྱུར་ལས་འགན་དོན་འཁྱོལ་བྱ་རྒྱུར་ཟུང་འབྲེལ་བྱས་ཏེ། སྒྲིག་སྲོལ་དང་རྐྱེན་སྲོལ་ལེགས་བསྒྱུར་བྱེད་པ། སྲིད་ཇུས་དང་ལམ་ལུགས་འཐུས་ཚང་དུ་བཏང་ནས། རང་འགན་རང་སྒྲུབ་དང་མཉམ་ལས་དམ་ཟབ། ཚད་ལྡན་རིམ་ལྡན་གྱི་དམག་དཔུང་དང་ས་གནས་བརྒལ་བའི་བྱ་བའི་རྣམ་པ་གྲུབ་པར་བྱེད་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། ས་གནས་ཏང་ཨུ་དང་སྲིད་གཞུང་གིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ། སྤྱི་ཚོགས་ཡོངས་སུ་རྒྱལ་སྲུང་ལ་དོ་ཁུར་དང་རྒྱལ་སྲུང་ལ་དགའ་ཞེན། རྒྱལ་སྲུང་འཛུགས་སྐྱོང་། རྒྱལ་སྲུང་སྲུང་སྐྱོང་བཅས་བྱེད་པའི་རྣམ་པ་བཟང་པོ་བསྐྲུན་དགོས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།