ཞི་ཅིན་ཕིང་གིས་སྲིད་འཛིན་ཕེ་ལེ་ཀེ་ལི་ཉི་དང་གྲོས་མོལ་གནང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

དགའ་བསུ་མཛད་སྒོའི་རྗེས་སུ། ཀྲུང་ཞི་ཞི་ཅིན་ཕིང་གིས་སྲིད་འཛིན་ཕེ་ལེ་ཀེ་ལི་ཉི་དང་གྲོས་མོལ་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། སི་ལོ་ཝ་ཁེ་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འབྲེལ་བཙུགས་པ་ཆེས་སྔ་བའི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པ་དང་། ཀྲུང་གོ་དང་སི་ལོ་ཝ་ཁེའི་མཛའ་བརྩེའི་གཏིང་ཟབ། 2024ལོར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཐབ་ཇུས་གྲོགས་པོའི་འབྲེལ་བར་རིམ་སྤོར་བྱས། ཕྱོགས་གཉིས་ཀྱི་ཐུན་མོང་འབད་བརྩོན་འོག རྒྱལ་ཁབ་གཉིས་བར་ཕན་ཚུན་ཡིད་ཆེས་བྱེད་ཚད་རྒྱུན་མཐུད་གཏིང་ཟབ་ཏུ་ཕྱིན་པ་དང་། མཉམ་ལས་ཀྱི་གྲུབ་འབྲས་རྒྱུན་ཆད་མེད་པར་མངོན་ནས། སྲོལ་རྒྱུན་མཛའ་བརྩེ་མི་སེམས་སུ་ཟུག་ཡོད།  ཀྲུང་གོ་ཕྱོགས་ཀྱིས་སི་ལོ་ཝ་ཁེ་ཕྱོགས་དང་མཉམ་དུ། ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས། འདྲ་མཉམ་གཉིས་ཕན། བརྟན་བརླིང་འགྱུར་མེད་བཅས་ཀྱི་ཀྲུང་སི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་བས་ལེགས་པ་སྐྲུན་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དུས་རིམ་རྗེས་མར། ཕྱོགས་གཉིས་ཀྱིས་ཕྱོགས་བཞིའི་ཐད་ཀྱི་ལས་དོན་གཙོ་བཟུང་ནས་ལེགས་པོར་བསྒྲུབ་ཆོག་སྟེ། གཅིག་ནས་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་ཇེ་བརྟན་དུ་བཏང་ནས། ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་དགོས། ཀྲུང་གོ་དང་སི་ལོ་ཝ་ཁེ་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་སྒྲིག་སྲོལ་མི་འདྲ་མོད། འོན་ཀྱང་ཕྱོགས་གཉིས་ཀྱིས་རང་སོ་སོས་གདམ་ག་བྱས་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ལ་བརྩི་འཇོག་དང་། མཛའ་བརྩེ་མཉམ་ལས་ཀྱི་ཕྱོགས་གཉིས་ཀྱི་འབྲེལ་བའི་བརྗོད་དོན་རྒྱུན་འཁྱོངས་བྱེད་ཐུབ་ལ། འདི་ནི་ཀྲུང་སིའི་འབྲེལ་བ་སྐྱོན་བྲལ་དང་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བའི་རྨང་གཞི་ཡིན། ཀྲུང་གོ་ཕྱོགས་ཀྱིས་སི་ལོ་ཝ་ཁེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་པར་བསྔགས་བརྗོད་བྱས་ཏེ། སི་ལོ་ཝ་ཁེ་ཕྱོགས་དང་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་ཐུགས་ཁུར་བྱེད་སར་དོ་ཁུར་ཆེན་པོ་བྱེད་ཀྱིན་ཡོད། གཉིས་ནས་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཐུན་མོང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། སི་ལོ་ཝ་ཁེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་ནང་ཧུར་ཐག་གིས་ཞུགས་ཏེ། གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་བར་གྱི་མཉམ་ལས་ཨུ་ཡོན་ལྷན་ཁང་སོགས་ཀྱི་རྐྱེན་སྲོལ་སྔར་ལས་ཡག་པོ་སྤྱད་དེ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་སྲིད་ཇུས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱ་དགོས་ལ། ནུས་ཁུངས་གཙང་མ་དང་། གྲངས་འཛིན་དཔལ་འབྱོར། འཕྲུལ་མི་བཟོ་སྐྲུན། མི་ཐབས་རིག་ནུས་སོགས་གསར་དར་ཐོན་ལས་དང་མདུན་གྲལ་ཁྱབ་ཁོངས་ཀྱི་མཉམ་ལས་བག་ཤུགས་སྔོག་འདོན་བྱས་ཏེ།  མཉམ་ལས་ཀྱི་ཁྱད་ཆོས་གསར་པ་སྔར་བས་མང་བ་བསྐྲུན་དགོས། གསུམ་ནས་དམངས་སེམས་གཅིག་མཐུན་དང་སྲོལ་རྒྱུན་གྱི་མཛའ་མཐུན་ཇེ་ཟབ་ཏུ་གཏོང་དགོས། རིག་གནས་དང་ལུས་རྩལ། ཡུལ་སྐོར། ན་གཞོན། ས་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་དང་།  མི་སྣའི་འགྲོ་འོང་སྟབས་བདེ་ཡོང་བར་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ན་གཞོན་གྱིས་བརྗེ་རེས་བྱ་རྒྱུར་མུ་མཐུད་དུ་སྐུལ་མ་གཏོང་དགོས་ལ། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ཁྲོད་རྒྱུས་ལོན་ཇེ་ཟབ་དང་། མཛའ་བརྩེ་ཇེ་ཟབ་ཏུ་གཏོང་དགོས།

བཞི་ནས་རྒྱལ་སྤྱིའི་དྲང་བདེན་དྲང་གཞག་སྲུང་སྐྱོང་དང་། འཛམ་གླིང་བཅོས་སྐྱོང་བཅོས་སྒྱུར་དང་འཐུས་ཚང་དུ་གཏོང་དགོས། ཕྱོགས་མང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞི་ཡིན་པའི་རྒྱལ་སྤྱིའི་སྒྲིག་ལམ་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་དང་། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བར་མཉམ་དུ་སྐུལ་འདེད་བཏང་སྟེ།  མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་ངང་འཕེལ་བཞིན་ཡོད། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་གོ་སྐབས་གལ་ཆེན་གསར་པར་འཕྲད་ཡོད་ལ། འགྲན་སློང་ཡང་མི་ཉུང་བ་ཞིག་ཡོད། འགྲན་སློང་གོ་སྐབས་སུ་འགྱུར་ཐུབ་མིན་གྱི་གནད་འགག་ནི་འདྲ་མཉམ་གྲོས་མོལ་དང་། མཐུན་པ་གཅིག་སྡུད་དང་མི་མཐུན་པ་སེལ་ཐུབ་མིན་ལ་ཐུག་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཡོ་རོབ་མནའ་འབྲེལ་གྲོགས་པོར་བརྩིས་ནས། ལྷག་བསམ་རྣམ་དག་དང་ཀུན་སློང་བཟང་བོ་བཅངས་ནས་ཡོ་རོབ་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་ཀྱིན་ཡོད། སི་ལོ་ཝ་ཁེ་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོ་དང་ཡོ་རོབ་ཀྱི་ཐུན་མོང་ངོས་འཛིན་ལ་དམིགས་པ་དང་། འགལ་ཟླ་དང་མི་མཐུན་པའི་ཆ་ཐག་གཅོད་འོས་འཚམ་བྱ་རྒྱུར་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་སྐྱོན་བྲལ་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་ཡོད།

ཕེ་ལེ་ཀེ་ལི་ཉི་ཡིས་བསྟན་དོན། སི་ལོ་ཝ་ཁེ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་གོས་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་བླངས་པར་གདེང་འཇོག་ཆེན་པོ་བྱེད་ཀྱིན་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་ལོ་ལྔའི་འཆར་འགོད་བཟོས་པ་མ་ཟད་མུ་མཐུད་དུ་ལག་བསྟར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་ནུས་པས་ཡིད་སྨོན་འཆོར་དུ་འཇུག་ཅིང་དཔྱད་གཞིར་འཛིན་འོས་པ་ཞིག་རེད།  སི་ལོ་ཝ་ཁེ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་བརྩི་མཐོང་བྱས་ཏེ། ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་ལ། ཀྲུང་གོ་ཕྱོགས་དང་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཉམ་ལས་ལ་ཤུགས་སྣོན། མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ། མཉམ་ལས་ཀྱི་ཁྱབ་ཁོངས་གསར་པ་རྒྱ་བསྐྱེད་པ། དཔལ་འབྱོར་ཉོ་ཚོང་དང་མི་ཐབས་རིག་ནུས། གྲངས་འཛིན་དཔལ་འབྱོར། འཕྲུལ་མི། ནུས་ཁུངས་གསར་པ་སོགས་ཁྱབ་ཁོངས་སུ་མཉམ་ལས་ཀྱི་གྲུབ་འབྲས་སྔར་ལས་མང་པོ་བླངས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལྷག་པ་བསྐྲུན་པའི་རེ་བ་ཡོད། ཀྲུང་གོའི་ཁེ་ལས་སི་ལོ་ཝ་ཁེ་རུ་དངུལ་གཏོང་མཉམ་ལས་བྱེད་དུ་ཡོང་བར་དགའ་བསུ་ཞུ། ཡོ་རོབ་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། སི་ལོ་ཝ་ཁེ་ཕྱོགས་ཀྱིས་ཡོ་རོབ་དང་ཀྲུང་གོའི་མཉམ་ལས་ལ་ཧུར་ཐག་གིས་སྐུལ་འདེད་བཏང་ནས། གླེང་མོལ་དང་གྲོས་མོལ་བྱས་པ་བརྒྱུད་ཕྱོགས་འགལ་ཐག་གཅོད་འོས་འཚམ་བྱེད་འདོད་ཡོད། སི་ལོ་ཝ་ཁེ་ཕྱོགས་ཀྱིས་ཀྲུང་གོའི་རྒྱལ་སྤྱིའི་གནས་བབ་དང་ཤུགས་རྐྱེན་ལ་ཚད་མཐོའི་མཐོང་ཆེན་དང་བསྔགས་བརྗོད་བྱེད་ཀྱིན་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་དམིགས་ཡུལ་དང་རྒྱལ་སྤྱིའི་བཅའ་ཁྲིམས་ལ་སྲུང་སྐྱོང་བྱས་ཏེ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་བརྟན་བརླིང་ལ་སྐུལ་འདེད་གཏོང་འདོད་ཡོད། སི་ལོ་ཝ་ཁེ་ཕྱོགས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་གི་མི་ཐབས་རིག་ནུས་ཚོགས་ཆེན་ཐོག་བཏོན་པའི་འདུ་ཤེས་དང་གྲོས་འགོར་ཡོངས་སུ་འཐད་པ་ཡིན་ལ། ཀྲུང་གོ་ཕྱོགས་དང་མཐུན་སྦྱོར་དམ་ཟབ་བྱེད་པ་དང་མི་ཐབས་རིག་ནུས་ཀྱི་འཛམ་གླིང་བཅོས་སྐྱོང་ལ་ཤུགས་བསྣན་ནས། མིའི་རིགས་ཡོངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།

ཉིན་དེའི་ཕྱི་དྲོར། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ། ཕེ་ལེ་ཀེ་ལི་ཉི་ལ་དགའ་བསུའི་མཛད་སྒོ་བསྡུས།

ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས།

ཉིན་དེའི་ཕྱི་དྲོར། སི་ལོ་ཝ་ཁེའི་སྲིད་འཛིན་ཕེ་ལེ་ཀེ་ལི་ཉི་གནམ་བདེ་སྒོ་མོ་ཆེ་རུ་སོང་སྟེ། མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་ལ་མེ་ཏོག་གི་ཕྲེང་བ་ཕུལ།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།