རང་རྒྱལ་གྱི་ཕྱིར་ཕྱོགས་ཉོ་ཚོང་ཤུགས་ཆེ་ལ་འགྲོས་བརྟན་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་བློ་བརྟན་འགྱུར་མེད་ངང་རྒྱ་སྐྱེད་གཏོང་བ་དང་། ཕྱོགས་མང་ཉོ་ཚོང་ལམ་སྲོལ་ལ་སྲུང་སྐྱོབ་བྱེད་པ། སྲོལ་རྒྱུན་ཁྲོམ་ར་སྲ་བརྟན་དུ་གཏོང་བ། གསར་དར་ཁྲོམ་ར་གསར་འབྱེད་བྱེད་པ། རྒྱལ་སྤྱིའི་འཁོར་རྒྱུག་རྒྱ་སྐྱེད་གཏོང་བ། རྒྱལ་ནང་གི་ཁྲོམ་ར་དང་རྒྱལ་སྤྱིའི་ཁྲོམ་རའི་ནུས་ཕྱོད་ཆེ་བའི་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ་བཅས་བྱ་དགོས་ཞེས་བསྟན་ཡོད།

ད་ལོའི་ལོ་སྟོད་དུ། རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་གྱི་འབོར་གྲངས་སྒོར་དུང་ཕྱུར་ཁྲི་25.47ཟིན་པ་དང་། དེ་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆ་16.9འཕར་ནས། རྒྱུན་མཐུད་ངང་གོ་ལ་ཧྲིལ་པོའི་དངོས་ཟོག་ཉོ་ཚོང་རྒྱལ་ཁབ་ཆེ་ཤོས་ཀྱི་གནས་བབ་བཟུང་ཡོད། སྒོ་དབྱེའི་ཀྲུང་གོས་འཛམ་གླིང་ལ་གོ་སྐབས་གསར་པ་མཁོ་འདོན་བྱས་ཡོད་ལ། གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོར་ཡང་སྒུལ་ཤུགས་ཆེན་པོ་བསྣན་ཡོད་པ་རེད།

དབྱི་ཝུའུ་ལྕགས་ལམ་འབབ་ཚུགས་ནུབ་མར། ཉིན་མཁོའི་བརྒྱ་ཟོག་དང་། རླངས་འཁོར་ལྷུ་ལག འཕྲུལ་འཁོར་སྒྲིག་ཆས་སོགས་དངོས་ཟོག་བྱུར་བུར་བླུགས་པའི་ཀྲེ་ཅང་གི་ཀྲུང་གོ་ནས་ཡོ་རོབ་བར་གཏོང་བའི་མེ་འཁོར་ག་ལེར་ཐོན་པ་དང་། དེ་ནས་མན་ཀྲོའུ་ལི་འགག་སྒོ་བརྒྱུད་རྒྱལ་ཁོངས་ནས་སྒྲོལ་ཏེ་ཨུ་རུ་སུའི་ཕྱོགས་སུ་བསྐྱོད་ཡོད་པ་རེད།

ད་ལོའི་ལོ་སྟོད་དུ་ཀྲེ་ཅང་གི་ཀྲུང་ཡོའི་བར་འགྲོ་འོང་བྱེད་པའི་མེ་འཁོར་གྱི་མྱུར་ཚད་མགྱོགས་སུ་བཏང་བ་དང་། ལས་སྒོའི་འབོར་ཚད་ཀྱང་བརྟན་པོའི་ངང་འཕར་ཡོད་པ་དེ་ས་གནས་དེའི་འགག་སྒོར་ཐོ་འགོད་བྱས་པའི་ཁེ་ལས་ཀྱི་ལས་སྒོའི་སྤྱི་གཉེར་ཁྲེན་ཅ་ཝེ་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད། ཁོང་གིས། ད་ལོའི་ལོ་སྟོད་དུ་ཀྲེ་ཅང་གི་ཀྲུང་ཡོའི་མེ་འཁོར་བརྒྱུད་ནས་ཕྱིར་འཚོང་བྱ་རྒྱུ་འགག་སྒོར་ཐོ་འགོད་བྱས་པའི་སྤ་སེ་22000ལས་བརྒལ་བ་དང་། ལས་སྒོ་ཁྱོན་ཡོངས་ཀྱི་འཕར་ཚད་བརྒྱ་ཆ་5ཡི་གཡས་གཡོན་ཟིན་འདུག ད་ཆ་ཀྲུང་ཡོའི་མེ་འཁོར་བརྒྱུད་ནས་དངོས་ཟོག་དབོར་མཁན་ཁེ་ལས་ནི་དབྱི་ཝུའུ་ཁོ་ནའི་ཁེ་ལས་ཙམ་མིན་པར། ད་དུང་ཧེང་ཀྲོའུ་དང་། ཉིང་པོ། ཐའེ་ཀྲོའུ། ཝུན་ཀྲོའུ། དེ་བཞིན་འབྲི་ཆུའི་ཟུར་གསུམ་གླིང་གི་ཉེ་འཁོར་ས་ཁུལ་ལ་ཁྱབ་ཡོད་པས། དངོས་ཟོག་གི་ཡོངས་ཁུངས་ཁྱབ་རྒྱ་ཇེ་ཆེར་ཕྱིན་ཡོད་ཅེས་བརྗོད་པ་རེད།

2025ལོའི་ཟླ་9པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་དྲ་ཐོག་དབུ་ཚོགས་ཐོག དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ནི་འགོག་ཐབས་བྲལ་བའི་ལོ་རྒྱུས་ཀྱི་རླབས་རྒྱུན་ཞིག་རེད། རྒྱལ་ཁབ་ཁག་གི་གོང་འཕེལ་ནི་སྒོ་དབྱེ་མཉམ་ལས་ཀྱི་རྒྱལ་སྤྱིའི་ཁོར་ཡུག་དང་ཁ་བྲལ་ཐབས་མེད་ལ། རང་ངོས་བཀག་སྡོམ་གྱི་ཁེར་ཆགས་གླིང་ཕྲན་དུ་སུ་ཡང་ལོག་འདོད་མེད། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་གང་འདྲ་བྱུང་ཡང་རུང་། ང་ཚོས་བློ་བརྟན་འགྱུར་མེད་ངང་སྒོ་དབྱེའི་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་བཏོད་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། སྒོ་དབྱེའི་ཁྲོད་དུ་གོ་སྐབས་མཉམ་སྤྱོད་དང་། མཉམ་རྒྱལ་མངོན་གྱུར་ཡོང་བར་བྱ་དགོས་ཞེས་བསྟན་ཡོད།

མིག་སྔར། རང་རྒྱལ་འདི་ཉིད་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་160ལྷག་ཙམ་གྱི་ཉོ་ཚོང་རོགས་ཟླ་གཙོ་བོར་གྱུར་ཡོད། ཤིང་ཏོག་ཁྲེ་ལི་ཙེ་རང་འདོད་ལྟར་ཉོ་རྒྱུ་བྱུང་བ་ནས། ཤིང་ཏོག་ལིའུ་ལན་རང་འདོད་ལྟར་ཉོ་རྒྱུ་བྱུང་བའི་བར། གོ་ལ་ཧྲིལ་པོའི་ཅ་ལག་ཡག་པོ་དེ་བས་མང་བ་མང་ཚོགས་ཀྱི་ཁྱིམ་ཚང་དུ་སླེབས་ཡོད།

ད་ལོའི་ཟླ་5ཚེས་1ཉིན་ནས་བཟུང་། རང་རྒྱལ་གྱིས་ཨ་ཧྥེ་རི་ཁའི་ཕྱི་འབྲེལ་བཙུགས་པའི་རྒྱལ་ཁབ་53ལ་སྒོ་ཁྲལ་འཇལ་མི་དགོས་པའི་སྲིད་ཇུས་ཁྱོན་ཡོངས་ནས་ལག་ལེན་བསྟར་བས། ཟླ་5པ་དང་6པར། རང་རྒྱལ་གྱིས་ཨ་ཧྥེ་རི་ཁ་གླིང་ནས་ནང་འདྲེན་བྱས་པའི་དངོས་ཟོག་བསྡོམས་འབོར་སྒོར་དུང་ཕྱུར་1938ཟིན་ཡོད་ཅིང་། དེ་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆ་23.5འཕར་ཡོད། ཀྲུང་གོས་ཨ་ཧྥེ་རི་ཁ་གླིང་ལ་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི་གོ་སྐབས་མཉམ་སྤྱོད་བྱས་པ་དང་ཆབས་ཅིག ཨ་ཧྥེ་རི་ཁ་གླིང་གོང་འཕེལ་དར་རྒྱས་ཡོང་བར་བྱེད་པའི་སྐུལ་འདེད་སྟོབས་ཤུགས་གལ་ཆེན་ལ་ཡང་གྱུར་ཡོད་པ་རེད། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་ཧྲུའུ་ཀྲང་གཞོན་པ་ཝང་ཅུན་གྱིས། ལོ་སྟོད་དུ། རང་རྒྱལ་གྱིས་ཨ་ཧྥེ་རི་ཁར་ཕྱིར་གཏོང་བྱས་པའི་འཕྲུལ་གློག་ཐོན་རྫས་28.8%འཕར་ཡོད། དེའི་ནང་། འོད་ཤུགས་ཐོན་རྫས་དང་།  གློག་སྐྱེལ་གློག་སྒྱུར་སྒྲིག་ཆས། ཀུན་སྤྱོད་འཕྲུལ་འཁོར་སྒྲིག་ཆས། རླངས་འཁོར་ལྷུ་ལག་སོགས་ཨ་ཧྥེ་རི་ཁར་ཕྱིར་གཏོང་བྱེད་ཚད་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

གྲངས་གཞི་དེ་དག་ཁྲོད་ལས་མཐོང་ཐུབ་པ་ནི་ཕྱི་ཕྱོགས་ཉོ་ཚོང་གྲུབ་གཞིར་འགྱུར་ལྡོག་གཏིང་ཟབ་བྱུང་བ་དེ་རེད། ད་ལོའི་ལོ་སྟོད་དུ། རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་ཐོན་རྫས་ལ་གསར་པ་དང་། རིག་ལྡན། སྦགས་མེད་བཅས་ཀྱི་ཕྱོགས་སུ་འགྱུར་ལྡོག་འགྲོ་བའི་གོང་འཕེལ་གྱི་ཁྱད་ཆོས་མངོན་པ་དང་། དེའི་ནང་འདུས་གྲུབ་གློག་ལམ་དང་། བཟོ་ལས་འཕྲུལ་མི། སྦགས་མེད་ཐོན་རྫས་བཅས་འཕར་ཚད་ཅུང་མགྱོགས་ཙམ་ཡོད་པ་རེད།

ཅང་སུའུ་ཡི་ཚན་རྩལ་ཁེ་ལས་ཤིག་ཏུ། རིག་ནུས་སྐོར་ཞིབ་འཕྲུལ་མིའི་ཐོན་རྫས་ཀྱིས“གོ་ལ་ཧྲིལ་པོའི་ཁྲོམ་ར”ཡི་སྒོ་མོ་ཕྱེ་ཡོད། ཁེ་ལས་ཀྱི་སྤྱི་གཉེར་གཞོན་པ་ཝུའུ་མེང་དབྱིང་གིས། འཕྲུལ་མི་ཕྱི་རྒྱལ་དུ་བྲིན་འཚོང་བྱེད་ཐུབ་པ་ནི། ཕྱོགས་གཅིག་ནས་འབྲེལ་ཐག་གཙོ་བོའི་ཁེ་ལས་ལ་བརྟེན་ནས་ལེ་ལག་ཚང་བའི་མཐུན་སྦྱོར་བྱེད་པའི་རྐྱེན་གྱིས་ཡིན་པ་དང་། ཕྱོགས་གཞན་ཞིག་ནས་ང་ཚོས་རང་བརྟེན་བཀོད་སྒྲིག་དང་། རང་འགུལ་ངང་ཕྱི་རྒྱལ་གྱི་ཁྲོམ་ར་གསར་འབྱེད་བྱ་རྒྱུར་མཐོང་ཆེན་བྱེད་པའི་རྐྱེན་གྱིས་ཡིན། སྔོན་དཔག་བྱས་ན་ད་ལོའི་ལོ་མཇུག་ཏུ་ཕྱི་རྒྱལ་དུ་ཕྱིར་འཚོང་བྱེད་པའི་ལས་སྒོ་འཕར་ཚད་300%ཟིན་རྒྱུ་རེད་ཅེས་བརྗོད་འདུག

ལག་ཐོགས་ཁ་པར་དང་། གློག་ཀླད། ཁྱིམ་སྤྱོད་གློག་ཆས་བཅས་ནས་ནུས་རྒྱུ་གསར་པའི་རླངས་འཁོར་དང་། ལིས་གློག་རྫས། འོད་ཤུགས་ཐོན་རྫས། དེ་ནས་མི་ཐབས་རིག་ནུས་དང་། འཕྲུལ་མི། གསར་གཏོད་སྨན་རྫས་བཅས་ཀྱི་བར་ཟུར་སྣོན་རིན་ཐང་མཐོ་བའི་ཐོན་རྫས་དེ་རང་རྒྱལ་གྱི་ཕྱིར་གཏོང་འཕར་སྣོན་འགྲོ་རྒྱུར་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་ཆེན་པོར་འགྱུར་བཞིན་ཡོད། ད་ལོའི་ལོ་སྟོད་དུ། རང་རྒྱལ་གྱི་ལག་རྩལ་མཐོ་བའི་ཐོན་རྫས་དང་རང་བརྟེན་སྤུས་རྟགས་ཕྱིར་གཏོང་བྱེད་ཚད་ཁག་སོ་སོར་བརྒྱ་ཆ་39དང་བརྒྱ་ཆ་25.4འཕར་ཡོད།

ཞ་མོན་གྱི་ལིས་གློག་རྫས་ཐོན་སྐྱེད་ཁེ་ལས་ཤིག་གི་སྤྱི་འདོམས་གཞོན་པ་ཡེ་ཡུས་ཀྱིས། རིམ་འོག་ལག་རྩལ་གསར་གཏོད་དང་གོ་ལ་ཧྲིལ་པོའི་ས་གནས་ཁག་གི་རྣམ་པ་དང་འཚམ་པའི་ཇུས་གཞི་བསྣན་པས། ཁེ་ལས་ཀྱིས་ཕྱི་རྒྱལ་གྱི་ཁྲོམ་ར་མགྱོགས་མྱུར་རྒྱ་ཆེར་གཏོང་ཐུབ་པ་བྱུང་ཡོད།  རྒྱལ་ཁབ་མི་འདྲ་བ་དང་བཀོལ་སྤྱོད་ཀྱི་རྣམ་པ་མི་འདྲ་བར་དམིགས་ནས། ང་ཚོས་ལྟེ་བའི་ཐོན་རྫས་བཏོན་པ་དེས་དྲ་སྦྲེལ་དང་། དྲ་བྲལ། གློག་དྲ་ཆུང་གྲས་སོགས་ཀྱི་ཡུལ་རྣམ་སྣ་ཚོགས་ལ་འཚམ་སྒྲིག་བྱེད་ཆོག་པ་མ་ཟད། རྒྱལ་ཁབ་མི་འདྲ་བའི་གློག་དྲའི་ཚད་གཞི་གཞིར་བཟུང་སྟབས་བསྟུན་བཀོད་སྒྲིག་བྱས་ཏེ། “ཐོན་རྫས་ཆ་ཚང་གཅིག་གིས་གོ་ལ་ཧྲིལ་པོ་ཡོངས་ལ་ཞབས་འདེགས་ཞུ་རྒྱུ”དངོས་སུ་མངོན་འགྱུར་བྱུང་ཡོད་ཅེས་བརྗོད་པ་རེད།

ཟླ་3ཚེས་1ཉིན་ནས་བཟུང་། གསར་དུ་བཟོ་བཅོས་བརྒྱབ་པའི་ཕྱི་ཕྱོགས་ཉོ་ཚོང་བཅའ་ཁྲིམས་དངོས་སུ་ལག་ལེན་བསྟར་བ་དང་། ཟླ་4པར། ཚོང་དོན་པུའུ་དང་ཀྲུང་གོ་ཕྱིར་གཏོང་ནང་འདྲེན་དངུལ་ཁང་གིས་མཉམ་འབྲེལ་ཐོག་ཡིག་ཆ་བཏོན་ནས། ཕྱིར་གཏོང་ནང་འདྲེན་གྱི་ཡིད་རྟོན་དངུལ་བུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད། ཕྱི་ཕྱོགས་ཉོ་ཚོང་བརྟན་པོ་ཡོང་བའི་སྲིད་ཇུས་རབ་དང་རིམ་པས་གནད་འཕིགས་སྒོ་ནས་ནུས་པ་འདོན་སྤེལ་བྱས་པ་དང་། ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་མང་པོ་ཞིག་གིས་བབ་བསྟུན་བཀོད་སྒྲིག་དང་གསར་གཏོད་གོང་འཕེལ་བཏང་ནས། ཀྲུང་གོའི་ཕྱི་ཕྱོགས་ཉོ་ཚོང་གིས་ལོ་དཀྱིལ་གྱི་རྒྱུགས་འབྲས་ཡག་པོ་བརྩོན་ལེན་བྱ་རྒྱུར་རམ་འདེགས་བྱས་ཡོད།

འབྱུང་འགྱུར། གོ་ལ་ཧྲིལ་པོའི་དཔལ་འབྱོར་ཉོ་ཚོང་གི་ཁོར་ཡུག་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་པོ་ཡོད་མོད། འོན་ཀྱང་རང་རྒྱལ་གྱི་གསར་གཏོད་སྒུལ་ཤུགས་ཆེ་བ་དང་། གཙོ་གཟུགས་གསོན་ཤུགས་ཆེ་བ། སྒོ་དབྱེའི་ཆུ་ཚད་མཐོ་པོ་བཅས་ཡོད་ལ། ཕྱི་ཕྱོགས་ཉོ་ཚོང་གི་གཞི་རྩ་སྔར་བཞིན་བརྟན་པོ་ཡོད་པས། གོ་ལ་ཧྲིལ་པོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་གཏན་འཁེལ་རང་བཞིན་དེ་བས་མང་བ་སྣོན་རྒྱུ་ཡིན་པ་རེད། ཚོང་དོན་པུའི་ཕྱི་ཕྱོགས་ཉོ་ཚོང་སིའི་སི་ཀྲང་དབྱང་ཐའོ་ཡིས། ང་ཚོས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུ་དང་། དེ་བས་དངོས་སྒྲུབ་ཀྱི་སྲིད་ཇུས་བྱེད་ཐབས་དང་། དེ་བས་སྟབས་བདེ་བའི་ཞབས་ཞུའི་འགན་ལེན་ལ་བརྟེན་ནས། ཕྱིར་གཏོང་བརྟན་པོ་དང་ནང་འདྲེན་རྒྱ་ཆེར་གཏོང་རྒྱུ་དང་། ལྷག་པར་དུ་ཉོ་ཚོང་གསར་གཏོད་གོང་འཕེལ་དང་དོ་སྙོམས་གོང་འཕེལ་ལ་སྐུལ་འདེད་བཏང་ནས། གོ་ལ་ཧྲིལ་པོའི་དཔལ་འབྱོར་ཉོ་ཚོང་གོང་འཕེལ་ལ་མུ་མཐུད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།