ཞི་ཅིན་ཕིང་གིས་པ་ཞིའི་སྲིད་འཛིན་ལུའུ་ལར་ཞལ་པར་བསྐྱོན།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ7པའི་ཚེས27ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་བཅད་ལྟར་པ་ཞིའི་སྲིད་འཛིན་ལུའུ་ལར་ཞལ་པར་བསྐྱོན། 

ཞི་ཅིན་ཕིང་གིས་བསྟན་དོན། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་པ་ཞིའི་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྱོང་དང་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཡར་རྒྱས་ལེགས་པོ་བྱུང་སྟེ། ཀྲུང་གོ་དང་པ་ཞི་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་སྐྱིད་ལ་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་འདོན་སྤེལ་བྱས་ལ། གཡོ་འགུལ་ཆེ་བའི་རྒྱལ་སྤྱིའི་གནས་བབ་ལ་བརྟན་ལྷིང་རང་བཞིན་རྩ་ཆེན་ཡང་བསྣན། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་ངོ105འཁོར་བ་དང་། ཀྲུང་གོའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་རྩོམ་པའི་ལོ་ཡིན་ལ། པ་ཞི་རྒྱལ་ཁབ་ཀྱིས་ཀྱང་རྒྱལ་ནང་གི་ཆབ་སྲིད་གྲོས་རིམ་གལ་ཆེན་བསུ་ངེས། ཀྲུང་གོ་ཕྱོགས་ཀྱིས་པ་ཞི་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་དང་ཕྱོགས་མང་འཐབ་ཇུས་མཐུན་སྦྱོར་ལ་སྔར་ལས་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་གི་རྣམ་པ་བཟང་བོ་རྒྱུན་མཐུད་བྱེད་འདོད་ཡོད། 

 ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། གནས་བབ་གསར་པ་དང་འགྲན་སློང་གསར་པར་གདོང་གཏད་དེ། ཀྲུང་གོ་དང་པ་ཞི་འཛམ་གླིང་ལྷོ་ཕྱོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་གལ་ཆེན་ཡིན་པའི་ཆ་ནས། ལོ་རྒྱུས་ཡང་དག་དང་ཤེས་དཔལ་ཡར་ཐོན་གྱི་ཕྱོགས་སུ་བརྟན་པོར་ལངས་ཏེ། འཛམ་གླིང་བཅོས་སྐྱོང་མ་ལག་བཅོས་བསྒྱུར་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་སྲུང་བར་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་སྔར་བས་ཆེ་བ་འདོན་འོས། ཕྱོགས་གཉིས་ཀྱིས“གསེར་ལྡན་རྒྱལ་ཁབ་ཆེན་པོའི་མཉམ་ལས”ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མཉམ་ལས་ཀྱི་ཁ་ཕྱོགས་ཡང་དག་འཛིན་པ་དང་། མཐུན་སྒྲིལ་གྱི་འཕེལ་ཕྱོགས་ལ་སྲུང་སྐྱོང་བྱེད་དགོས་པ་མ་ཟད། གྲུབ་འབྲས་སྔར་ལས་མང་པོ་བསྐྲུན་ནས། འཛམ་གླིང་ལྷོ་ཕྱོགས་ཀྱི་མཐུན་སྒྲིལ་རང་སྟོབས་ཀྱི་ལེའུ་གསར་པ་འབྲི་དགོས། ཀྲུང་གོ་ཕྱོགས་ཀྱིས་པ་ཞི་ཕྱོགས་ཀྱི་རྒྱལ་སྤྱིའི་གོ་གནས་དང་ཤུགས་རྐྱེན་ནུས་པ་གལ་ཆེན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ལ། པ་ཞི་ཡིས་རང་ཉིད་ཀྱི་བདག་དབང་རང་བཙན་ལ་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་དང་། ཕྱི་ཕྱོགས་ཀྱི་ཐེ་གཏོགས་ལ་ངོ་རྒོལ་བྱས་ཏེ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པར་པ་ཞི་ཕྱོགས་ཀྱི་བྱས་རྗེས་འཇོག་དགོས། 

ལུའུ་ལ་ཡིས་བསྟན་དོན། པ་ཞི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་སྔར་བས་དྲང་བདེན་གྱི་འཛམ་གླིང་དང་སྔར་བས་རྒྱུན་མཐུད་ཆོག་པའི་གོ་ལའི་ལས་སྐལ་གཅིག་མཐུན་ཚོགས་པ་སྒྲིག་འཛུགས་བྱེད་པར་ཡར་རྒྱས་གང་ལེགས་བྱུང་ལ། ཁྱབ་ཁོངས་སོ་སོའི་མཉམ་ལས་གང་མགྱོགས་སྒོས་འཕེལ་རྒྱས་སོང་ནས། རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་གྲངས་འབོར་གྱིས་ཡང་བསྐྱར་ཟིན་ཐོ་གསར་པ་བཏོད་པ་དང་། “པ་ཞི་དང་ཀྲུང་གོའི་རིག་གནས་ལོའི”བྱེད་སྒོ་སོ་སོས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་དམངས་འདོད་ཀྱི་རྨང་གཞི་སྔར་བས་སྲ་བརྟན་དུ་བཏང་། པ་ཞི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མི་ཐབས་རིག་ནུས་དང་། ནུས་ཁུངས་གཏེར་ཐོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པར་རེ་སྒུག་བྱེད་ཀྱིན་ཡོད་ལ། ཀྲུང་གོའི་ཁེ་ལས་སྔར་བས་མང་པོས་པ་ཞི་རུ་མ་དངུལ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་སྔར་བས་སྣ་མང་དང་། གྲུབ་འབྲས་སྔར་བས་མང་པོ་ལེན་པར་དགའ་བསུ་ཞུ། པ་ཞི་ཕྱོགས་ཀྱིས་ཀྲུང་གོས2026ལོའི་འཛམ་གླིང་མི་ཐབས་རིག་ནུས་ཚོགས་ཆེན་བདེ་བླག་ངང་འཚོགས་པར་རྟེན་འབྲེལ་ཞུ་བ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་སྒོ་འབྱེད་བསྟུན་མཁས་ཀྱི་མི་ཐབས་རིག་ནུས་ཀྱི་རྒྱལ་སྤྱིའི་མཉམ་ལས་དང་འཛམ་གླིང་བཅོས་སྐྱོང་གི་འདུ་ཤེས་ལ་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱིན་ཡོད། པ་ཞི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་མཐུན་སྦྱོར་དམ་ཟབ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁེ་དབང་ལ་སྲུང་སྐྱོང་། གསེར་ལྡན་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་དང་། ཕྱོགས་མང་རིང་ལུགས་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོབ་བྱེད་པ། བཙན་དབང་ཆབ་སྲིད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ། གླེང་མོལ་དང་གྲོས་མོལ་བརྒྱུད་དེ་གནད་དོན་ཚ་ཤོས་ཐག་གཅོད་བྱ་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ།  རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ལ་མཉམ་དུ་སྲུང་སྐྱོང་བྱེད་འདོད་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།