
ཟླ7པའི་ཚེས25ཉིན་གྱི་དགོང་མོར། “རྨ་ཀླུང་སྔོན་མོ་སྟེ། ཀྲུང་གོའི་མི་རིགས་ཀྱི་བཞིན་རིས། འཛམ་གླིང་གི་ཁམས་ར་ཞེས་པའི”2026ལོའི་ཀྲུང་གོའི་མི་རིགས་ཤོམ་འགྲོ་འགྲན་སྡུར་གྱི་རྟིང་རྩོད་འགྲན་སྡུར་དེ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ལེ་ཡུ་སྡེ་གསར་གྱི་རྨ་ཆུའི་འགྲམ་དུ་མགོ་བརྩམས།
གཅན་ཚ་རྫོང་ནི་རྨ་ཆུའི་སྟོད་རྒྱུད་དུ་ཆགས་ཡོད་ཅིང་། གཙང་ཆབ་སྔོན་མོ་སྲུང་སྐྱོབ་ལེགས་པོ་བྱེད་དགོས་པའི་མངགས་བཅོལ་གལ་ཆེན་ཡིད་ལ་དམ་པོར་བཅིངས་ཏེ། རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བྱེ་ས་བཅས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་མུ་མཐུད་དུ་སྐུལ་འདེད་བཏང་བས། “རྨ་ཀླུང་སྔོན་མོ”དེ་རྫོང་དེའི་ཁོངས་ཀྱི་ཆེས་མིག་ལ་སྡུག་པའི་སྐྱེ་ཁམས་མཚོན་རྟགས་ཤིག་ཏུ་གྱུར་བ་མ་ཟད། “Tསྟེགས་རི་ཆུར་བབས། ཤོམ་འགྲོ་རྨ་ཆུར་ངོམ”ཞེས་པའི་ཁྱད་ཆོས་ལྡན་པའི་འགྲན་སྡུར་བྱེད་སྟངས་ཤིག་དར།
ཤོམ་འགྲོ་ཡུལ་དངོས།
ཤེས་གསལ་ལྟར་ན། ཐེངས་འདིའི་རྟིང་རྩོད་འགྲན་སྡུར་ནི་དར་སྲོལ་ཤོམ་འགྲན་ཞིག་ཡིན་པར་མ་ཟད། འཕེལ་རྒྱས་ཀྱི་ནང་སྙིང་ཟབ་མོ་ཞིག་ཐེག་ཡོད། རིག་གནས་ལྕགས་རི་བརྟོལ་བའི་ངོམ་སྟོན་ཞིག་ཡིན་པས་ཆ་ནས་འགྲན་སྡུར་གྱིས་བོད་ཀྱི་གཙག་དྲུབས་དང་རྒྱན་གོས་སོགས་སྲོལ་རྒྱུན་གྱི་གཟུགས་འདས་ཤུལ་བཞག་ངོམ་སྟོན་གྱི་སྡིངས་ཆ་ཞིག་བསྐྲུན་ཏེ། ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་མི་རིགས་རིག་གནས་ཀྱི་སྲོག་རྒྱུན་ལ་དེང་རབས་ཀྱི་མཛེས་དཔྱོད་ཀྱིས་སྤྲས་ཏེ། རི་གསེབ་ནས་ལམ་ལ་ཆས་ཏེ་རྒྱ་ཆེ་བའི་མང་ཚོགས་ཀྱི་མཐོང་ལམ་དུ་མངོན། ཐོན་ལས་ཀྱི་ནུས་པ་བསྩལ་བའི་ཤོམ་འགྲོ་ཡིན་པའི་ཆ་ནས་འགྲན་སྡུར་གྱི་དྲ་ལམ་བཞུར་ཚད་ལ་བརྟེན་ནས་མི་རིགས་རྒྱན་གོས་ཀྱི་ཐོན་ལས་དར་སྤེལ་བཏང་སྟེ། ཁྱད་ཆོས་ལྡན་པའི་ལག་ཤོས་ཆུང་ངུས་དམངས་ཕྱུག་གྲོང་དར་གྱི་ཁྱད་ལྡན་ཐོན་ལས་བཏོད་ནས་མང་ཚོགས་ཀྱི་ཡོང་འབབ་ལམ་ཁ་མུ་མཐུད་ནས་རྒྱ་བསྐྱེད། མི་རིགས་མཐུན་སྒྲིལ་གྱི་གཅིག་སེམས་ཤོམ་སྟོན་ཞིག་ཡིན་པའི་ཆ་ནས་མི་རིགས་སོ་སོའི་འགྲན་ཞུགས་པ་སྟེགས་བུ་གཅིག་ལ་བུད་དེ་མི་རིགས་ཀྱི་མཛེས་པ་ཕུན་སུམ་ཚོགས་པ་ཞིག་ཀུན་གྱི་སྤྱན་སྔར་ངོམ་པ་དང་། གར་སྟེགས་གཅིག་ནས་རིག་གནས་རང་རློམ་བཞེངས་སྐྲུན་བྱས་ནས་མཉམ་དུ་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན།
ཤོམ་པ་མཉམ་འགྲོ།
འགྲན་སྡུར་ཡུལ་དངོས་སུ། གཙོ་སྒྲུབ་ཕྱོགས་ཀྱིས་འགྲན་ཞུགས་པ་ཡོངས་ལ་ཞུ་དོན། ཚང་མས་མི་རིགས་ཀྱི་རིག་གནས་ནང་སྙིང་དུ་བསྡུས་ཏེ། རང་རློམ་ཆེན་པོས་མཛེས་སྡུག་ཅི་དགར་ངོམ་ནས་མི་རིགས་ཁག་གི་བུ་དང་བུ་མོའི་ཐུན་མིན་གྱི་བསམ་པའི་ཉམས་འགྱུར་གང་དགར་ངོམ་པ་དང་ཆབས་ཅིག ཡུལ་ཕྱོགས་ནས་ཕེབས་པའི་སྐུ་མགྲོན་རྣམས་ལྷག་སེམས་ཟོལ་མེད་ཀྱིས་གདན་ཞུས་ཏེ་འགྲན་སྡུར་གྱི་རྗེས་སུ་གཅན་ཚའི་རི་ཆུ་ལ་ཉམས་སུ་མྱོང་སུ་བཅུག་ནས་རྫོང་ཁོངས་སྐྱེ་ཁམས་དང་མི་རིགས་རིག་གནས་ཀྱི་དྲིལ་སྒྲོག་ཕོ་ཉ་ཞིག་ཏུ་འགྱུར་བར་རེ་བ་ཡོད་ཚུལ་བརྗོད།
ཉེ་བའི་ལོ་རིང་ལ། གཅན་ཚ་རྫོང་གིས་ཐུན་མོང་མ་ཡིན་པའི་རང་བྱུང་གི་དགེ་མཚན་ལ་གཞི་བཅོལ་ཏེ། ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་གི་སྤུས་ཀ་རིམ་སྤར་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས“བདེ་སྐྱིད་ཆེན་པོ”ཞེས་རྨ་ཆུ་འགྲམ་རྒྱུད་ཀྱི་ཞིང་གྲོང་ཡུལ་སྐོར་གྱི་ལྗོངས་ཁུལ་བསྐྲུན་པ་དང་། བོད་ཀྱི་གཙག་དྲུབས་དང་རྒྱན་གོས་ལ་སོགས་ཁྱད་ཆོས་ལྡན་པའི་གཟུགས་འདས་རིག་གནས་ཐོན་ལས་ནུས་རྒུས་སྐྱེད་སྲིང་བྱས་ཏེ། སྐྱེ་ཁམས་ཐོན་ཁུངས་ལ་བརྟེན་ནས“ཡུལ་སྐོར་གྱི་ཟ་མ”ཟ་རུ་བཅུག་ཅིང་“སྐྱེ་ཁམས་ཀྱི་ཕོར་བ”བརྟན་པོར་སྐྱོར་དུ་བཅུག དེ་སྔོན་ཁམས་ར་བོད་ཀྱི་ཤོམ་འགྲོ་འགྲན་སྡུར་བདེ་བླག་ངང་ནས་སྤེལ་བ་ཡིས“མི་རིགས་རིག་གནས+དར་སྲོལ་འགྲན་སྡུར”གྱི་འཕེལ་རྒྱས་སྒུལ་ནུས་ར་སྤྲོད་བྱས། ཐེངས་འདིའི་རྟིང་རྩོད་འགྲན་སྡུར་སྟེང་དུ་རི་ཆུའི་ཡུལ་ལྗོངས་སྡིངས་ཆར་དྲངས་ཏེ། “ཡུལ་ལྗོངས་ཀྱི་ཁྲོད་དུ་འགྲན་སྡུར་བྱས་ནས་གཉིས་ཀ་མཉམ་དུ་འཚེར་བ”མངོན་འགྱུར་བྱས་ཡོད་པ་བཅས་གཅན་ཚ་རྫོང་གིས་རིག་གནས་དང་ཡུལ་སྐོར་མཉམ་འཕེལ་གྱི་ལམ་བུ་གསར་རྐྱང་ཞིག་ཚོད་ལྟ་བྱས་ཡོད་དོ། །