ཞི་ཅིན་ཕིང་གིས་རྨང་གཞིའི་སློབ་གསོའི་ལས་དོན་ཐད་མཛུབ་སྟོན་གནང་བ།

ཡོང་ཁུངས། ཀྲུང་དབྱང་བོད་སྐད་རླུང་འཕྲིན།

 ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་རྨང་གཞིའི་སློབ་གསོའི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ནས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་རྨང་གཞིའི་སློབ་གསོ་དེ་ཉིད་རྨང་གཞིའི་རང་བཞིན་དང་སྔོན་ཁྲིད་རང་བཞིན་གྱི་ལས་དོན་ལ་བརྩིས་ནས་དམ་འཛིན་བྱས་ཐོག ཐབས་མང་མཉམ་སྤྱོད་ཀྱིས་རྨང་གཞིའི་སློབ་གསོ་འཕེལ་རྒྱས་ཆེན་པོ་ཡོང་བར་སྐུལ་འདེད་བཏང་ནས། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུར་འདེགས་སྐྱོར་ནུས་ལྡན་བྱས་ཡོད་ཅེས་བསྟན་གནང་ཡོད། ཞི་ཅིན་ཕིང་གིས། རྒྱང་ལམ་གསར་པའི་ཐོག དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཐོག ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་དང་། ཀུན་སྤྱོད་འཛུགས་སྐྱོང་དང་མི་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྦྱོང་བསླབ་སྐྱོང་རྒྱུན་འཁྱོངས་ལྷོད་མེད་བཅས་བྱས་ཏེ། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་དགོས། སློབ་གསོའི་ཆོས་ཉིད་ལ་བརྩི་སྲུང་ཞུས་ཐོག བདེ་ཐང་ཨང་དང་པོར་འཇོག་པའི་སློབ་གསོའི་འདུ་ཤེས་དོན་འཁྱོལ་བྱེད་པ་དང་། སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་བཏང་ནས། རྒྱ་ཆེའི་སློབ་མའི་ལུས་སེམས་བདེ་ཐང་དང་། འཚར་ལོངས་དང་འཇོན་ཐང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་དང་འཚམ་པར་བྱས་ཐོག རྨང་གཞིའི་སློབ་གསོའི་སྤུས་ལེགས་ཐོན་ཁུངས་རྒྱ་སྐྱེད་དང་སྤུས་ཚད་ལེགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་ནས། སློབ་གསོ་བཏང་སྙོམས་ཀྱི་མཐའ་ཐིག་བརྟན་པོ་སྲུང་དགོས། སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་བཏང་ཐོག དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་གསོ་སྐྱོང་བྱ་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་ཐོག སློབ་གཉེར་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ་དང་། སློབ་གསོའི་ཕྱོགས་བསྡུས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། སློབ་གྲྭ་དང་ཁྱིམ་ཚང་། སྤྱི་ཚོགས་བཅས་ཀྱིས་མཉམ་དུ་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྨང་གཞིའི་སློབ་གསོའི་སྤུས་མཐོའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས་ཞེས་ནན་སྟོན་གནང་ཡོད།

རྒྱལ་ཡོངས་ཀྱི་རྨང་གཞིའི་སློབ་གསོའི་ལས་དོན་ཚོགས་འདུ་ཟླ་7ཚེས་22ཉིན་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཏིང་ཞུའེ་ཞང་གིས་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལ་ཆབ་སྲིད་རང་བཞིན་དང་བསམ་བློའི་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད་པས། དུས་རབས་གསར་པའི་རྒྱང་ལམ་གསར་པའི་ཐོག་གི་རྨང་གཞིའི་སློབ་གསོའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ང་ཚོས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱ་དགོས་ཞེས་བསྟན་ཡོད།

ཏིང་ཞུའེ་ཞང་གིས། དུས་རབས་གསར་པའི་རྨང་གཞིའི་སློབ་གསོའི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་གནས་སྟངས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད་པས། དེའི་ཁྲོད་ནས་“གཏན་འཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་དགོས་པ་དང་། “འདུ་ཤེས་བཞི་”ཤུགས་ཆེར་གཏོང་བ་དང་། “བློ་སྤོབས་བཞི་”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”ཐུབ་པ་བཅས་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། སློབ་གསོའི་ཆབ་སྲིད་ཀྱི་ངོ་བོ་དང་མི་དམངས་ཀྱི་ངོ་བོ། འཐབ་ཇུས་ཀྱི་ངོ་བོ་བཅས་ཁོང་དུ་ཆུད་པར་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་བབ་གསར་པ་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་དང་འཚམ་པར་བྱས་ཏེ། རྨང་གཞིའི་སློབ་གསོ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

ཏིང་ཞུའེ་ཞང་གིས། ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྦྱོང་བསླབ་སྐྱོང་རྒྱུན་འཁྱོངས་ལྷོད་མེད་བྱེད་པ། སློབ་གསོ་ལྔ་མཉམ་སྤེལ་དང་སློབ་གསོ་ལྔ་མཉམ་འདྲེས་མཐའ་འཁྱོངས་བཅས་བྱས་ནས། སློབ་མ་བདེ་ཐང་ངང་འཚར་ལོངས་དང་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། སློབ་བསྡུ་སློབ་ཞུགས་ལ་དོ་དམ་ནན་པོ་བྱེད་པ་དང་། གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་དང་གྲོང་ཁྱེར་དུ་ལས་ཀ་བྱེད་མཁན་གྱི་བུ་ཕྲུག་ལ་ཐུགས་ཁུར་དང་གཅེས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སློབ་གསོ་དྲང་གཞག་གི་མ་མཐའི་མཚམས་ཐིག་བརྟན་པོ་སྲུང་བ་བཅས་བྱས་ཏེ། རྨང་གཞིའི་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། མི་འབོར་གྱི་འགྱུར་ལྡོག་དང་བསྟུན་ནས་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ་དང་། གྲོན་དངུལ་འགན་སྲུང་དང་སློབ་གྲྭ་བཀོད་སྒྲིག སློབ་གནས་མཁོ་སྤྲོད། དགེ་རྒན་བཀོད་སྒྲིག་སོགས་ཀྱི་ལས་དོན་ཐད་གཅིག་གྱུར་འཆར་འགོད་བྱེད་དགོས། སློབ་མ་འཚར་ལོངས་ལྟེ་བར་བཟུང་ནས་སློབ་གསོ་སློབ་ཁྲིད་ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས། དྲང་སྲུང་གསར་གཏོད་ཀྱིས་རྨང་གཞིའི་སློབ་གསོའི་བཟང་ཆ་གསར་པ་གཏོད་དགོས། མཐུན་སྦྱོར་ངང་མཉམ་དུ་གསོ་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ། སློབ་གྲྭ་དང་ཁྱིམ་ཚང་། སྤྱི་ཚོགས་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ། མི་གསོ་སྐྱོང་བྱེད་པའི་མཉམ་ཤུགས་ཆགས་པ་བྱེད་དགོས། སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། དགེ་རྒན་གྱི་ཆེད་ལས་བྱང་ཚད་མཐོ་རུ་གཏོང་བ། དགེ་རྒན་གྱི་ཐོབ་ཐང་འགན་ལེན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཕུལ་བྱུང་ཤེས་ལྡན་མི་སྣ་དེ་བས་མང་བ་བློ་བདེ་པོའི་ངང་སློབ་གསོའི་ལས་དོན་ཁྲོད་ཞུགས་རྒྱུར་ཡིད་འགུག་བྱེད་དགོས། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཁག་དང་སློབ་གྲྭ་ཁག་གིས་སྒྲིག་འཛུགས་ཀྱི་འགན་སྲུང་ལ་ཤུགས་སྣོན་བརྒྱབ་སྟེ། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་དང་ཕན་ནུས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།

སློབ་གསོ་པུའུ་དང་། ཀྲུང་དབྱང་སྒྲིག་ཁོངས་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། ནོར་སྲིད་པུའུ། པེ་ཅིང་གྲོང་ཁྱེར། ཧུའུ་པེ་ཞིང་ཆེན། ཀན་སུའུ་ཞིང་ཆེན། པེ་ཅིང་དགེ་འོས་སློབ་ཆེན་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་སྤེལ་རེས་གཏམ་བཤད་གནང་ཡོད།

ཧྲི་ཐའེ་ཧྥེང་དང་། ལི་ཧྲུའུ་ལེ། ཝང་ཞའོ་ཧུང་། ཝུའུ་ཀྲེང་ལུང་བཅས་ཚོགས་འདུར་ཕེབས་ཡོད།

ཞིང་ལྗོངས་དང་གྲོང་ཁྱེར་ཁག་དང་འཆར་གཞི་ལོགས་འགོད་གྲོང་ཁྱེར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པ། འབྲེལ་ཡོད་མི་དམངས་ཚོགས་པ། ཀྲུང་དབྱང་དམག་ཨུད་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པ། སློབ་གསོ་པུའི་ཐད་གཏོགས་དགེ་འོས་སློབ་ཆེན་དང་“རྒྱལ་ཁབ་ཀྱི་སློབ་གྲྭ་འབྲིང་ཆུང་གི་ཕུལ་བྱུང་དགེ་རྒན་གསོ་སྐྱོང་འཆར་གཞི་”ལག་བསྟར་བྱེད་མཁན་སློབ་གྲྭ་བཅས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།