མཐོ་སྒང་གི་སྲོག་སྐྱོབ་ས་ཚིགས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རི་ཁུལ་དུ་བཙུགས་པའི“སྐྱོབ་བཅོས་ལྟེ་གནས།”

མདོ་ལ་རིང་མོའི་ཆ་སྙོམས་མཚོ་འཕགས་སྨི3000ལས་བརྒལ་ཡོད་ལ། གནམ་གཤིས་ཀྱི་ཆ་རྐྱེན་ཧ་ཅང་སྡུག དགུན་ཁ་རིང་ལ་གྲང་ངར་ཆེ་བ་དང་དབྱར་ཁ་ཐུང་ལ་བསིལ་འཇམ་ལྡན་པའི་མཐོ་སྒང་གི་ཁོར་ཡུག་དམིགས་བསལ་ཅན་དེ་རུ་སྐྱེ་ཁམས་ཀྱི་མ་ལག་ཁྱད་དུ་འཕགས་པ་ཞིག་ཆགས་ཡོད་པས། རི་དྭགས་རྣམས་དུས་དང་རྣམ་པ་ཀུན་ཏུ་རྨས་ཕོག་པ་དང་ལམ་ནོར་བ། གཟན་དཀོན་པ་སོགས་ཀྱི་གནས་ཚུལ་དང་འཕྲད་ཅིང་། དེ་མིན་ད་རུང་གནམ་གཤིས་སྡུག་པོའི་གནོད་འཚེ་ཐེབས་པ་སོགས་འཚོ་གནས་ཀྱི་ཉམས་སད་རྣམ་པ་སྣ་ཚོགས་དང་འཕྲད་སྲིད།

སྔོན་ཆད་མདོ་ལ་རིང་མོའི་ཁྱབ་ཁོངས་སུ་རི་དྭགས་ལ་རྨས་ཕོག་པ་དང་ཡང་ན་ནད་རིགས་བྱུང་ན། ཐག་ཉེ་ས་རུ་ཆེད་ལས་ཅན་གྱི་སྐྱོབ་བཅོས་ས་ཚིགས་མེད་པས། རི་དྭགས་རྩ་ཆེན་མང་པོ་ཞིག་ལ་དུས་ཐོག་གི་གསོ་བཅོས་མ་ཐོབ་པར་ཚེ་སྲོག་ཤོར་བ་རེད། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་རི་དྭགས་སྐྱོབ་བཅོས་གསོ་སྤེལ་ས་ཚིགས་བཙུགས་པ་དེས་ཁྱབ་ཁོངས་ཀྱི་སྟོང་ཆ་དེ་བསྐངས་ཏེ། མདོ་ལ་རིང་མོའི་ཁྱབ་ཁོངས་ནང་གི་རི་དྭགས་ཀྱི“ཚེ་སྲོག་མྱུར་སྐྱོབ་ས་ཚིགས”དང“བདེ་ཐང་ཁམས་གསོ་ཁང”དུ་གྱུར།

ས་ཚིགས་སུ་སྤྱི་ཆིངས30.67(ས་མུའུ460)ལྷག་གི་གདོད་མའི་ས་དབྱིབས་དང་ནགས་ཚལ། སྡོང་ཕྲན། ཆུ་བོ། སྤང་ཐང་སོགས་ཡོད་པས། རི་དྭགས་མང་པོའི་རྨས་གསོ་སྐབས་ཀྱི་གདོད་མའི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་བསྐང་ཐུབ་ལ། ས་ཚིགས་ད་རུང་མི་ཚོགས་ཀྱི་འདུ་འཛི་དང་རིང་དུ་བྲལ་ཡོད་པས། མིའི་བྱ་འགུལ་གྱི་གཏོར་བརླག་དབང་གིས་རི་དྭགས་ལ་འདྲོགས་བསླང་བར་བྱོལ་ཐུབ།

ས་ཚིགས་ནང་གི་རི་དྭགས་སྨན་ཁང་གིས་རྨ་ཁ་བཀྲུ་བ་དང་སྤྱིར་བཏང་ནད་རིགས་ཀྱི་རྨང་གཞིའི་གསོ་བཅོས་དང་ཡང་ན་རྙོག་འཛིང་ཆེ་བའི་རུས་ཆག་སོགས་གང་ཞིག་ཡིན་རུང་གསོ་བཅོས་བྱ་ཐུབ། “མིག་སྔར་ང་ཚོའི་འདི་རུ་རྨས་མ་གསོ་བཅོས་དང་གཤགས་བཅོས་སོགས་ཀྱི་བྱ་བ་གང་ཞིག་ཡིན་རུང་སྒྲུབ་ཐུབ་ལ། གསོ་བཅོས་བྱ་དགོས་པའི་རི་དྭགས་ཀྱི་ཁ་གྲངས་ཇེ་མང་དུ་སོང་བ་དང་བསྟུན་ནས། སྐྱོབ་བཅོས་ནུས་པའང་ཇེ་མཐོར་འགྲོ་བཞིན་ཡོད”ཅེས་མགོ་གཙོ་མ་ཚུན་ཞིན་གྱིས་དེ་ལྟར་བཤད།

ལོ་རེའི་ཟླ4པ་ནས་ཟླ11པའི་བར་ནི་རི་དྭགས་སྐྱོབ་བཅོས་བྱེད་གྲངས་ཆེས་མང་བའི་དུས་སྐབས་ཡིན་པས། སྐྱོབ་བཅོས་ས་ཚིགས་ཀྱིས་ཅི་ཐུབ་ཀྱིས་སྐྱོབ་བཅོས་བྱས་ཏེ་རི་དྭགས་གཅིག་ཀྱང་འདོར་བསྐྱུར་མི་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཡོད། གནས་འདིས་རི་དྭགས་རྨས་མ་སྐྱོབ་བཅོས་བྱས་པ་ལས་གཞན་ད་རུང་ལས་བྱེད་མི་སྣ་རྒྱུན་དུ་ཡུལ་དངོས་སུ་སོང་ནས་རི་དྭགས་སྐྱོབ་བཅོས་བྱས་རྗེས་ཡང་བསྐྱར་རྫ་མགོར་གཏོང་བཞིན་ཡོད་ལ། ད་ལྟའི་བར་དུ་བསྡོམས་པས་རི་དྭགས་རིགས47དང་གྲངས་ཀ247ལྷག་སྐྱོབ་བཅོས་བྱས།

སྐྱོབ་བཅོས་དང་ཚན་ཞིབ་ཟུང་སྦྲེལ་གནང་བ།

སྐྱོབ་བཅོས་གསོ་སྤེལ་ས་ཚིགས་སུ་སོང་ན། མཚམས་ལན་རེར་རང་དབང་གིས་རྒྱུ་བའི་གནའ་བ་དང་འཕྲད་སྲིད་ལ།ཡང་ལན་རེར་རྩྭ་གཡི་དང་ནེའུ་ལེ། དགོ་བ་སོགས་ཀྱི་རི་དྭགས་རྩ་ཆེན་རིགས་དང་འབྲེལ་འདྲིས་བྱེད་ཐུབ།

མིག་སྔར། འདི་རུ་རི་དྭགས་རིགས་མི་འདྲ་བ20དང་ཁ་གྲངས63སྡུད་ཉར་དང་གསོ་ཚགས་བྱས་ཡོད་ལ། དེའི་ནང་དུ་རྩྭ་གཡི་དང་ཤ་སྐྱ་སོགས་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་རི་དྭགས་དང་། ཁྲི་སྙན་ས་ལེ་དང་ནེའུ་ལེ་དང་གནའ་བ། བྱ་ཝང་སྔོན་པོ་སོགས་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་འདུ།

མ་ཚུན་ཞིན་གྱིས་གསར་འགོད་པར་བཤད་རྒྱུར། འདི་རུ་བསྡུ་གསོ་བྱས་ཡོད་པའི་རི་དྭགས་རྣམས་ལ་ཕྱིར་རྫ་མགོར་གཏོང་བའི་ཆ་རྐྱེན་མི་འཛོམས་མོད། འོན་ཀྱང་རང་བྱུང་སློབ་གསོ་དང་རི་དྭགས་སྲུང་སྐྱོབ་ཀྱི་འདུ་ཤེས་བརྒྱུད་སྒྲོག་བྱེད་པའི་ཐེག་བྱད་ཀྱི་བྱེད་ནུས་ཁུར་དུ་བླངས་ཡོད་པས།མང་ཚོགས་ལ་རི་དྭགས་སྲུང་སྐྱོབ་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་བའི་སློབ་དེབ་གསོན་པོ་རུ་གྱུར་ཡོད། 2025ལོ་ཁོ་ནར་ཞིབ་འཇུག་སློབ་སྦྱོང་དང་རང་བྱུང་སློབ་གསོ་མྱོང་དུ་ཡོང་མཁན1600ལྷག་ལ་སླེབས།

ཡིན་ན་ཡང་མཇུག་མཐའི་དམིགས་ཡུལ་ནི་སྡུད་ཉར་དང་གསོ་འཚག་བྱེད་རྒྱུ་དེ་མ་ཡིན་པར། “སྐྱོབ་ཐུབ་པ་རྣམས་ཅི་ཐུབ་ཀྱིས་སྐྱོབ་པ་དང་། ཕྱིར་བཏང་ཆོག་པ་རྣམས་ཅི་ཐུབ་ཀྱིས་གཏོང་བའི”རྩ་དོན་ལག་ལེན་མཐའ་འཁྱོལ་བྱེད་རྒྱུ་དེ་ཡིན།

མིག་སྔའི་བར་དུ། ཆེད་ལས་སྐྱོབ་བཅོས་དང་ཚན་རིག་དང་མཐུན་པའི་ཁམས་གསོ་སྦྱོང་བརྡར་བྱས་པ་བརྒྱུད། རི་དྭགས་རིགས18དང་གྲངས་ཀ60ལྷག་བདེ་བླག་གིས་རྫ་མགོར་བཏང་བས། སྐྱོབ་བཅོས་ས་ཚིགས་ནི་རིམ་གྱིས་སྐྱོབ་བཅོས—ཁམས་གསོ་སྦྱོང་བརྡར—ཕྱིར་རྫ་མགོར་གཏོང་བ་བཅས་ཀྱི་སྲུང་སྐྱོབ་ནང་རྐྱེན་ཆ་ཚང་བ་ཞིག་ཏུ་ཆགས་ཡོད་ལ།རི་དྭགས་སྐྱོབ་བཅོས་བྱས་རྗེས་ཕྱིར་རྫ་མགོར་གཏོང་བའི་སྦྲེལ་ཟམ་ལྟ་བུར་གྱུར་ཡོད།

2024ལོའི་ཟླ7པར། ཟླ་ངོ2ཅན་གྱི་རྩྭ་གཡི་ཆུང་ཆུང་ཞིག་སྐྱོབ་བཅོས་ས་ཚིགས་སུ་བསྐྱལ་ནས་ཐོན། ནུ་མ་སྣུན་མཚམས་ཀྱང་བཞག་མེད་པས་ཕྱི་རོལ་དུ་འཚོ་བའི་ནུས་པ་གང་ཡང་མེད་ལ།སྐྱོབ་བཅོས་ས་ཚིགས་ལའང་རྩྭ་གཡིའི་ཕྲུ་གུ་སྐྱོང་བའི་ཉམས་མྱོང་གང་ཡང་མེད་པས། ཚང་མས་རྨོངས་ཚོད་ཀྱིས་སྐྱོབ་བཅོས་མི་བྱེད་ག་མེད་བྱུང་།

རྩྭ་གཡི་ནི་རང་རྒྱལ་ཁོ་ནར་ཡོད་པའི་སྲོག་ཆགས་ཀྱི་རིགས་ཤིག་ཡིན་ལ། འཚོ་གནས་ནི་ནུབ་བྱང་གི་ས་ཁུལ་ཁོ་ན་ཡིན། མཚོ་སྔོན་གྱི་མདོ་ལ་རིང་མོར་རྩྭ་གཡི་འཚོ་སྡོད་བྱེད་སའི་ཆ་རྐྱེན་ལེགས་པོ་འཛོམས་པས་དེའི་འགུལ་སྐྱོད་ཁུལ་གཙོ་བོ་རུ་གྱུར་ཡོད་པ་དང་། སྐྱོབ་བཅོས་ས་ཚིགས་ཀྱང་རྩྭ་གཡི་སྐྱོབ་བཅོས་དང་ཞིབ་འཇུག་བྱེད་སའི་གནས་མཆོག་ཏུ་གྱུར་ཡོད།

ད་ལྟའི་བར་དུ་རྩྭ་གཡི8སྐྱོབ་བཅོས་བྱས་པ་དང5ཕྱིར་རྫ་མགོ་རུ་བཏང་ལ། དེའི་ནང་གི4ལ་རྗེས་འདེད་འཕྲུལ་ཆས་བཏགས་ཡོད་པས། རྩྭ་གཡིའི་ཚན་རིག་ཞིབ་འཇུག་དང་བཤེར་འཇལ་ཐད་གཞི་གྲངས་རྩ་ཆེན་མང་པོ་མཁོ་འདོན་བྱས་ཡོད། ལོ་འདི་འགར་རྩྭ་གཡི་སྐྱོབ་བཅོས་བྱས་པའི་ཉམས་མྱོང་བསགས་པ་དང་རྗེས་འདེད་འཕྲུལ་ཆས་བཏགས་པ་སོགས་ཀྱིས་རྩྭ་གཡིའི་ལྐོག་གྱུར་གྱི་འཚོ་བར་རྒྱུས་ལོན་བྱེད་ཐུབ་ཡོད་ཅེས་མ་ཚུན་ཞིན་གྱིས་དེ་ལྟར་བཤད།

2019ལོའི་ཡར་སྔོན་དུ། མཚོ་སྔོན་གྱིས་རྩྭ་གཡི་ལ་ཞིབ་འཇུག་བྱེད་ཐུབ་ཀྱིན་མེད་ལ། དེའི་རྒྱུ་རྐྱེན་གཙོ་བོ་ནི་རྗེས་ཤུལ་འཚོལ་དཀའ་བས་རེད། 2019ལོ་ནས2020ལོའི་བར། མཚོ་སྔོན་ཞིང་ཆེན་གྱིས་རྩྭ་གཡིའི་ཁྱུ་ཚོགས་ལ་བརྟག་བཤེར་བྱས་པར་མ་ཟད། མིན་ཡོན་རྫོང་ཁོངས་སུ་རྩྭ་གཡི་ཁྱུ་ཞིག་ཡོད་པ་ཤེས། མཚོ་སྔོན་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་རྩྭ་གཡི་ཁྱུ་ཚོགས་དེར་ཕལ་ཆེར་རྩྭ་གཡི300ནས500ཡོད་པ་དང། དེའི་ནང་གི10ལ་རྗེས་འདེད་བརྟག་དཔྱད་བྱས་པས། གཞི་གྲངས་དང་དཔྱད་གཞིའི་ཡིག་རིགས་མང་པོ་ཞིག་འཚོལ་སྡུད་བྱས་མོད། འོན་ཀྱང་གཞི་གྲངས་ཉུང་བས་རྩྭ་གཡིའི་གཤིས་ཀ་དང་འཚོ་གནས་གཞི་ཁྱོན་སོགས་གསལ་པོ་ཞིག་ཤེས་མ་ཐུབ།

རྩྭ་གཡི་ལས་གཞན་ད་རུང་སྐྱོབ་བཅོས་བྱས་པའི་སྲོག་ཆགས20ལྷག་ལ་རྗེས་འདེད་འཕྲུལ་ཆས་བཏགས་པས། ཚན་རིག་ཞིབ་འཇུག་བགྲོད་ལམ་ཞིག་གནས་དེ་ནས་བཏོད་པ་རེད།

དེ་ལས་གཞན་སྐྱོབ་བཅོས་ས་ཚིགས་ཀྱིས་ད་རུང་ཚན་རིག་ཞིབ་འཇུག་གླིང་དང་སློབ་ཆེན་སོགས་ལ་མཉམ་འབྲེལ་བྱས་ཏེ། ཚན་ཞིབ་བྱ་བར་རོགས་འདེགས་བྱེད་ཅི་ཐུབ་བྱས་པས། མཐོ་སྒང་གི་སྲོག་ཆགས་དཀོན་པོའི་མ་དཔེ་འདོན་སྤྲོད་བྱས་ཏེ་རྨང་གཞིའི་ཞིབ་འཇུག་ལ་འདེགས་སྐྱོར་བྱེད་པ་དང་། དེས་མི་ཚད་ད་རུང་རང་ས་གནས་སུ་རི་དྭགས་སྣ་མང་རང་བཞིན་ལ་བརྟག་དཔྱད་བཤེར་འཇལ་བྱེད་པའི་བྱ་འགུལ་སྤེལ་ཏེ། རི་དྭགས་ཐོན་ཁུངས་ཀྱི་གནས་ཚུལ་སྔར་ལས་རྒྱུས་ལོན་ལེགས་པོ་བྱས་ཤིང་། སྲུང་སྐྱོབ་དང་དོ་དམ་ཐད་ཚན་རིག་དང་མཐུན་པའི་གཞི་འཛིན་ས་འདོན་སྤྲོད་བྱས།

སྐྱོབ་བཅོས་ས་ཚིགས་ཀྱིས་སྲུང་སྐྱོང་གི་འགན་འཁྲི་ཁུར་དུ་བླངས་པ།

“རི་དྭགས་ཚན་རིག་ཆེད་ལས་ནས་མཐར་ཕྱིན་པ་ཡིན་ནའང་། དོན་དངོས་ཀྱི་བྱ་བ་དང་དྲན་ཚུལ་གྱི་བར་དུ་གནམ་སའི་ཁྱད་པར་འདུག”ཅེས2022ལོའི་ཟླ7པ་ནས་བཟུང་སྐྱོབ་བཅོས་ས་ཚིགས་ནས་བྱ་བ་བསྒྲུབས་པའི་ཞུས་ཧྥེང་དབྱི་ཡིས་དེ་ལྟར་བཤད།

བདག་སྐྱོང་གི་སྐབས་སུ། ཞུས་ཧྥེང་དབྱི་ནི་རི་དྭགས་སྙོར་མཁན་ཡིན་པས། རྭ་ནུ་ཞིག་བཟུང་ནས་རི་དྭགས་རྨས་མ་རེ་རེར་འོ་མ་ལྡུད་དགོས་པ་དང་། སྐྱོབ་བཅོས་ཀྱི་སྐབས་སུ།ཞུས་ཧྥེང་དབྱི་སྨན་པ་ཡིན་པས། རྨ་ཁ་བཏུམ་པ་སོགས་ཀྱི་ཕྱི་རྨས་ཐག་གཅོད་བྱེད་དགོས་པར་མ་ཟད། ད་རུང་ཁྲག་དྲི་འཐུལ་བའི་རྣམ་པར་ཡང་གདོང་གཏོད་དགོས། “སྲོག་ཆགས་དང་འབྲེལ་འདྲིས་བྱེད་པ་ནི་སེམས་ནད་གསོ་བའི་བརྒྱུད་རིམ་ཞིག་ཡིན་པར་འདོད་མོད། དོན་དངོས་སུ་དེ་ནི་ཤི་རྨས་ཀྱིས་ཁེངས་པའི་ཁྲག་དྲི་འཐུལ་བའི་བརྒྱུད་རིམ་ཞིག་རེད”ཅེས་ཞུས་ཧྥེང་དབྱི་ཡིས་བྱ་བ་དེའི་དཀའ་གནད་བཤད།

རི་དྭགས་མི་འདྲ་བ་རེ་རེའི་གོམས་གཤིས་དང་བསྟུན་ནས། ཚགས་གསོ་དང་བདག་སྐྱོང་བྱེད་པའི་གོ་རིམ་ཁྲོད། ཁོ་ཚོས་ཉམས་མྱོང་གསོག་འཇོག་བྱེད་ཞོར་ཚན་རིག་དང་མཐུན་པའི་གསོ་སྤེལ་བྱས། རི་དྭགས་ཀྱི་གོམས་གཤིས་ལྟར་གསོ་སྤེལ་བྱས་པས། རི་དྭགས་ལག་གསོ་བྱེད་པའི་ཐད་ནས་ཉམས་མྱོང་ཕུན་སུམ་ཚོགས་པོ་གསོག་འཇོག་བྱས།

ཚང་མའི་སྐྱོབ་བཅོས་ཆུ་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས། སྲོག་ཆགས་ཀྱི་གསོན་ཚད་ཀྱང་ཇེ་མཐོར་སོང་ཡོད། “ལོ་ངོ་གསུམ་གྱི་དུས་ཡུན་ཐུང་ངུའི་ནང་། སྲོག་ཆགས་རྨས་མ་གསོ་བཅོས་བྱེད་པ་དང་། རི་དྭགས་ཆུང་ཆུང་ལ་འོ་མ་ལྡུད་པ། སྦྱོང་བརྡར་བྱེད་པ་སོགས་ནི་ངེས་པར་ཤེས་དགོས་པའི་རྩལ་ནུས་དག་ཤེས་ཡོད་པས། ཚང་མ་ངེས་གཏན་མིན་པའི་ཚོད་ལྟའི་ཁྲོད་ནས་སྐྱོབ་བཅོས་ས་ཚིགས་དང་མཉམ་དུ་འཚར་ལོངས་བྱུང་ཡོད”ཅེས་ཞུས་ཧྥེང་དབྱི་ཡིས་བཤད།

ཞིང་ཆེན་ཡོངས་ཀྱི་ལག་གསོ་བྱས་པའི་ཁ་ཤྭ་གཅིག་པུ་དེ་ངེད་ས་ཚིགས་སུ་ཡོད། བཙས་མ་ཐག་རྨས་ཕོག་པས་ལག་གསོ་བྱས་པ་དང་། ད་ལྟ་ལོ2ལ་སོན་ཡོད། ཞུས་ཧྥེང་དབྱི་ཡིས་བཤད་པ་ལྟར་ན། ཁ་ཤྭ་ནི་ཚོར་བ་ཧ་ཅང་སྐྱེན་པའི་སྲོག་ཆགས་ཤིག་ཡིན་པས་འདྲོགས་བསླང་སླ་ཞིང་། ལན་རེར་རང་སྲོག་གཅོད་པའི་ཉེན་ཁའང་ཡོད། དེ་བས་ཞིང་ཆེན་ནང་ཁུལ་དུ་སྔོན་ཆད་ལག་གསོ་བྱས་པའི་ཁ་ཤྭ་ཞིག་ཡོད་མ་མྱོང་།

ཞུས་ཧྥེང་དབྱི་ཡིས་གསར་འགོད་པར་བཤད་རྒྱུར། རི་དྭགས་རྣམས་སོ་སོར་དགར་ཆེད་དུ་ང་ཚོས་རེ་རེར་མིང་རེ་བཏགས་ཡོད་མོད། འོན་ཀྱང་མིང་དེ་ནི་བྱ་བའི་ཁྲོད་དུ་སོ་སོར་དགར་ཆེད་འབོད་པ་ལས་སྐྱོབ་བཅོས་ཀྱི་སྐབས་སུ་འབོད་མི་སྲིད། རྒྱུ་མཚན་ནི་སྐད་སྒྲ་དང་དྲི་མ།མཐོང་ཚོར་སོགས་ཀྱིས་རི་དྭགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པས། རྒྱུན་དུ་དེ་ལྟར་བོས་ན་ཚོར་བ་རྣོ་བའི་རི་དྭགས་ཁ་ཤས་ཤིག་གིས་རིམ་གྱིས་མིང་དེ་ངོས་ཟིན་འགྲོ་ལ། དེ་ནི་བསམ་བཞིན་གྱི་འདུལ་གསོ་ཞིག་ཡིན་པས། ཕྱིར་རྫ་མགོར་གཏོང་བར་མི་ཕན།

“སྐྱོབ་བཅོས་ས་ཚིགས་ཀྱིས་རི་དྭགས་རེ་རེ་ཕྱིར་རྫ་མགོར་གཏོང་བའི་ཐད་ལ་བསམ་གཞིག་མང་པོ་གཏོང་བཞིན་ཡོད་ལ། དུས་དང་རྣམ་པ་ཀུན་ཏུ་རྫ་མགོར་གཏོང་བར་གྲ་སྒྲིག་བྱེད་ཀྱིན་ཡོད། རི་དྭགས་རེ་རེར་རང་རང་གི་གསོ་ཚགས་པ་རེ་ཡོད་པ་དང་། རི་དྭགས་ལ་འདྲོགས་མི་བསླང་བའི་ཆེད་དུ། སྐྱོབ་བཅོས་བྱས་པའི་ཐོག་མ་ཉིད་ནས་མི་དང་འབྲེལ་འདྲིས་མང་པོ་བྱེད་དུ་བཅུག་མེད་པར། ནམ་ཡང་རྫ་མགོར་གཏོང་བར་གྲ་སྒྲིག་བྱེད་ཀྱིན་ཡོད།”

སྐྱོབ་བཅོས་བྱེད་སྟངས་དེའི་རིགས་ཀྱིས་ད་གཟོད་གནས་འདིའི་སྐྱོབ་བཅོས་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། རི་དྭགས་རེ་རེ་ཕྱིར་རྫ་མགོར་གཏོང་ཐུབ་པའི་ཚད་ཀྱང་ཆེས་ཆེར་ཇེ་མཐོར་བཏང་སྟེ། རི་དྭགས་ལ་སྲུང་སྐྱོང་སྔར་ལས་ལེགས་པོ་བྱེད་སའི་མཐོ་སྒང་གི་ཚེ་སྲོག་ས་ཚིགས་ཤིག་ཏུ་གྱུར་ཡོད། ། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།