སྐད་གཉིས་སྨྲ་བ་ཨོ་རྒྱན་གྱིས་སློབ་དཔོན་ནག་མོའི་ཁོལ་གྱི་རྒྱས་བྱེད་མའི་ཟློས་གར་བོད་ཡིག་ཏུ་བསྒྱུར་ཏེ་པར་སྐྲུན་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
 

ཉེ་སྔོན། ལོ་ཙཱ་བ་ཨོ་རྒྱན་གྱིས་སྐུ་ཞབས་ཅི་ཞན་ལིན་གྱི་འགྱུར་ཡིག་གཞིར་བཟུང་ལེགས་སྦྱར་དང་དབྱིན་ཡིག་གི་འགྱུར་ཤན་སྦྱར་ལ་ཟུར་ལྟ་བྱས་ཏེ་བསྒྱུར་པའིརྒྱས་བྱེད་མ་ཁབ་ཏུ་རོལ་བའི་ཟློས་གརམི་རིགས་དཔེ་སྐྲུན་ཁང་གིས་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས།

ཟློས་གར་འདི་པར་གཞི་གང་ལས་བསྒྱུར་ཚུལ།

ནག་མོའི་ཁོལ་གྱིས་སྐུ་ཚེ་གང་བོར་འཁྲབ་གཞུང་གསུམ་བརྩམས་མྱོང་། སྒྱུ་རྩལ་གྱི་རིན་ཐང་ཐོག་ནས་བལྟས་ནབྱ་ལེན་མ་མངོན་པར་ཤེས་པའི་ཟློས་གརགྱི་འཕྲོ་ནསརྒྱས་བྱེད་མ་ཁབ་ཏུ་རོལ་བའི་ཟློས་གརའདི་མཆོག་ཏུ་བརྩི་ཆོག གཙོ་ཆེ་བ་ནི་རྒྱ་གར་ལྷོ་ཕྱོགས་ཀྱི་པར་གཞི་དང་བྱང་ཕྱོགས་ཀྱི་པར་གཞི་གཉིས་སུ་དབྱེ་འདུག རྒྱས་བྱེད་མ་ཁབ་ཏུ་རོལ་བའི་ཟློས་གརའདི་ལ་པར་གཞི་ཅུང་མང་པོ་འདུག སྐུ་ཞབས་ཅི་ཞན་ལིན་མཆོག་གིས་རྒྱ་གར་བྱང་ཕྱོགས་ཀྱི་མཁས་པ་སི་ཏཱ་རཱ་མ་ཙ་ཏུ་རྭེ་དི་ཞེས་པས་དག་བསྒྲིགས་བྱས་པའི་ལེགས་སྦྱར་པར་གཞི་གཞིར་བཟུང་ནས་སྤྱི་ལོ1960ལོ་ཡས་མས་ཤིག་ལ་རྒྱ་ཡིག་ཏུ་བསྒྱུར་བ་དང1962ལོར་མི་དམངས་རྩོམ་རིག་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་འདུག ཟློས་གར་སྙན་ངག་འདི2020ལོར་ཡོངས་སུ་བོད་ཡིག་ཏུ་བསྒྱུར་ཚར་བ་དང་། 2026ལོའི་ཟླ6པར་མི་རིགས་དཔེ་སྐྲུན་ཁང་གིས་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས།

སྐུ་ཞབས་ཅི་ཞན་ལིན་མཆོག་གིས་བསྒྱུར་པའི་རྒྱ་ཡིག་གི་པར་གཞི། 1962ལོར་མི་དམངས་རྩོམ་རིག་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།

གཏམ་རྒྱུད་ཀྱི་བྱུང་རིམ་ངོ་སྤྲོད་མདོར་བསྡུས།

རྒྱལ་པོ་པུ་རཱུ་ར་བས་ཀྱིས་ལྷ་མ་ཡིན་གྱི་ལག་ནས་ལྷ་ཡུལ་གྱི་གླུ་གར་མཁན་ལྷ་མོ་རྒྱས་བྱེད་མ་བསྐྱབས། ཁོ་གཉིས་ནི་ཕན་ཚུན་མཐོང་བ་ཙམ་གྱིས་ཞེ་ཤོར་ཏེ་བརྩེ་དུང་ཟབ་མོ་ཆགས། རྒྱལ་པོ་ཕྱིར་ཕོ་བྲང་དུ་ལོག་རྗེས་ཉིན་མཚན་ཀུན་ཏུ་ལྷ་མོ་རྒྱས་བྱེད་མ་དྲན་པ་དང་། རྒྱས་བྱེད་མ་ཡང་ལྷ་ཡུལ་དུ་ལོག་ཀྱང་ཉིན་མཚན་དུས་དྲུག་ཏུ་རྒྱལ་པོ་པུ་རཱུ་ར་བས་ཡིད་ལ་དྲན་ནས་མ་བཟོད་པས། ཁོ་མོ་ལྐོག་ཏུ་རང་གི་གྲོགས་མོ་ཙི་ཏྲ་ལེ་ཁ་དང་མཉམ་དུ་ལྷ་ཡུལ་དང་ཁ་བྲལ་ནས་མི་ཡུལ་དུ་རྒྱལ་པོའི་སྐྱེད་མོས་ཚལ་དུ་ཁོར་བལྟ་རུ་སོང་། ཁོ་མོས་རང་གི་ལུས་བསྒྲིབས་ནས་རྒྱལ་པོ་དང་བཞད་གད་མཁན་གྱི་སྐད་ཆར་ལྐོག་ཉན་བྱས་པ་མ་ཟད། ད་དུང་བརྩེ་དུང་མཚོན་པའི་སྙན་ངག་ཅིག་བརྩམས་ནས་རྒྱལ་པོར་བྱིན། དེ་ནས་ཡང་གྲོགས་མོ་ཙི་ཏྲ་ལེ་ཁ་སྔོན་ལ་ཁོ་དང་ཐུག་འཕྲད་བྱེད་པར་མངགས་པ་དང་། མཇུག་མཐར་རང་ལུས་སྒྲིབ་ཐབས་བསྡུས་ནས་དངོས་སུ་རྒྱལ་པོ་དང་ཐུག་འཕྲད་བྱས། སྐབས་དེར་ལྷའི་དབང་བོ་བརྒྱ་བྱིན་གྱིས་ཁོ་མོ་སླར་ལྷ་ཡུལ་དུ་ཟློས་གར་འཁྲབ་ཏུ་བོས། ཁོ་མོ་རྒྱལ་པོ་དང་འབྲལ་མི་འདོད་བཞིན་དུ་ལྷ་ཡུལ་ལ་ལོག་ཅིང་། ཟློས་གར་འཁྲབ་པའི་སྐབས་སུ་ཟློས་གར་ཁྲོད་ཀྱི་མི་སྣ་པུ་རུ་སོད་ཏ་མ་ཡི་མིང་ནོར་ཏེ་པུ་རཱུ་ར་བས་ཞེས་སུ་བརྗོད་པས། ཁོ་མོའི་དགེ་རྒན་བྷ་ར་ཏ་ཁོང་ཁྲོ་ཆེན་པོ་ལངས་ཏེ་ཁོ་མོར་སྡིགས་མོ་བྱས་ནས་ལྷ་ཡུལ་ནས་ཕྱིར་འབུད་བྱས། ལྷའི་དབང་བོ་བརྒྱ་བྱིན་གྱིས་ཁོ་མོར་བྱམས་སེམས་བཅངས་ནས་ཁོ་མོས་ནམ་ཞིག་ལ་རང་གི་བུ་ཡི་བཞིན་རས་མཐོང་བ་ན་དེ་དུས་ཕྱིར་ལྷ་ཡུལ་ལ་ལོག་ཆོག་ཅེས་གསུངས། ཁོ་མོ་མི་ཡུལ་དུ་འོངས་རྗེས་རྒྱལ་པོ་དང་མཉམ་དུ་བསྡད། ཉིན་ཞིག་རྒྱས་བྱེད་མ་རྒྱལ་པོ་དང་མཉམ་དུ་ཕྱི་རོལ་དུ་ལྟད་མོར་འགྲོ་སྐབས། རྒྱལ་པོས་དྲང་སྲོང་གི་བུ་མོ་ཞིག་ལ་ལན་མང་དུ་བལྟས་པས། རྒྱས་བྱེད་མ་ཕྲག་དོག་གིས་ཁོང་ཁྲོ་ལངས་ཏེ་འགྲོ་མི་རུང་བའི་གནས་གཞོན་ནུ་གདོང་དྲུག་གི་ནགས་ཚལ་ཞེས་པ་དེར་ཕྱིན། ཁོ་མོས་ནགས་ཚལ་དེར་རྐང་པ་སྤོས་མ་ཐག་མྱུར་དུ་འཁྲི་ཤིང་ཞིག་ཏུ་གྱུར། རྒྱལ་པོས་ཁོ་མོ་མཐོང་རྒྱུ་མ་བྱུང་བས་སེམས་སྡུག་གིས་ཁེངས་ཤིང་། ནགས་གསེབ་ཀུན་ཏུ་མྱུལ་ཞིང་འཁྱམས་ནས་རྨ་བྱ་དང་། ཁུ་བྱུག་དང་། ངང་བ་དང་། གླང་ཆེན་སོགས་ལ་རང་ཉིད་ཀྱི་སེམས་སྡུག་ལྷུག་པོར་བརྗོད་ཅིང་། ཁོ་ཚོར་རྒྱས་བྱེད་མ་གང་དུ་ཡོད་པའི་གནས་ཚུལ་ཤེས་མིན་དྲིས་པ་དང་། དེ་དག་གིས་ལན་མ་བཏབ་པས་རང་ཉིད་ལ་བློ་ཕམ་ཆེན་པོ་བྱུང་། མཇུག་མཐར་ཁོས་རིན་པོ་ཆེ་དམར་པོ་ཞིག་རྙེད་པ་དང་། འཁྲི་ཤིང་དེ་ལ་ལག་པས་རེག་པ་ན་རྒྱས་བྱེད་མས་སླར་ཡང་རང་གཟུགས་བསྟན། ཁོ་ཚོ་ཕོ་བྲང་དུ་ལོག་རྗེས། བྱ་རྒོད་ཅིག་གིས་རིན་པོ་ཆེ་དམར་པོ་དེ་ཤ་གསར་པར་འཁྲུལ་ནས་འཁུར་སོང་བ་དང་། གཞོན་ནུ་ཞིག་གིས་མདའ་ཡིས་བསྣུན་ཏེ་བྱ་རྒོད་ས་ལ་འཕངས། མ་གཞིར་གཞོན་ནུ་དེ་ནི་རྒྱས་བྱེད་མ་རང་གི་བུ་ཡིན་འདུག ཁོ་མོ་ལྷ་ཡུལ་དུ་ལོག་མ་འདོད་པས་བུའི་བཞིན་རས་ལ་ལྟ་མ་ཕོད་པར་རང་གི་བུ་དེ་དང་པོ་བཙས་མ་ཐག་ནས་དཀའ་ཐུབ་མ་ཞིག་ལ་གཏད། དཀའ་ཐུབ་མས་རང་གི་བུ་བསྐྱལ་ཡོང་བ་ན་རྒྱས་བྱེད་མ་དགའ་ཡང་དགའ་ལ་སྐྱོ་ཡང་སྐྱོ། དགའ་བ་ནི་རང་གི་སྙིང་དུ་སྡུག་པའི་བུ་མཐོང་བས་ཡིན་ལ། སྐྱོ་བ་ནི་རྒྱལ་པོ་དང་ཁ་བྲལ་ནས་སླར་ལྷའི་ཕོ་བྲང་དུ་ལོག་དགོས་པས་ཡིན། ཏག་ཏག་སྐབས་དེར་ལྷའི་དབང་བོ་བརྒྱ་བྱིན་གྱིས་ཐུབ་པ་ནཱ་ར་ད་མངགས་ནས་རྒྱས་བྱེད་མ་རང་གི་ཁྱོ་ག་རྒྱལ་པོ་པུ་རཱུ་ར་བས་དང་ཚེ་གང་ལྷན་ཅིག་མི་ཡུལ་དུ་བསྡད་ཆོག་ཅེས་གསུངས། དེ་ལྟར་ཚང་མ་དགའ་སྤྲོ་ཆེན་པོའི་ངང་ནས་འཁྲབ་གཞུང་འདི་ཡང་མཇུག་རྫོགས་པ་རེད།

ཚིགས་བཅད་འགའ་དཔེར་དྲངས་པ།

དཔེར་བརྗོད་དང་པོ།

她是饰品中的饰品,

她在珍宝中数第一;

朋友呀!她那无比的美,

任何东西也无法比拟.

གང་གི་ཟླ་མེད་མཛེས་པའི་དཔལ།།

མཚོན་བྱེད་དཔེ་གཞན་མ་མཐོང་སྟེ།།

རྒྱས་བྱེད་མ་ནི་རྒྱན་གྱི་རྒྱན།།

རིན་ཆེན་ནོར་གྱི་མཆོག་ཀྱང་ཡིན།།

དཔེར་བརྗོད་གཉིས་པ།

这是浓密的新升起的云彩,

不是盛气凌人的妖怪;

这是伸得挺长的彩虹,

不是什么射箭的劲弓;

这是一阵剧烈的雨点,

不是连续不断射来的箭;

这是电光,闪耀像黄金,

不是优哩婆湿,我的情人.

གང་འདི་མཚམས་སྤྲིན་སྟུག་པོ་ཡིན་གྱི་ཁེངས་རློམ་དབང་བོའི་དགྲ་ཟླ་མིན།།

གང་འདི་འོད་ལྔའི་འཇའ་ཚོན་ཡིན་གྱི་མདའ་རྣོན་འཕེན་བྱེད་གནམ་རུ་མིན།།

གང་འདི་ཆར་གྱི་ཐིགས་པ་ཡིན་གྱི་བར་མེད་འཕངས་པའི་ཉག་ཕྲན་མིན།།

གང་འདི་གསེར་གྱི་གློག་ཞགས་ཡིན་གྱི་བདག་གི་དགའ་མ་རྒྱས་བྱེད་མིན།།

དཔེར་བརྗོད་གསུམ་པ།

有一只孔雀,

大风吹得尾巴晃;

它站在那里,

对着云层张望.

嘴里咯咯直叫,

脖子伸得很长.

མཇུག་སྒྲོ་རླུང་གིས་སྐྱོད་པ་ཡི།།

རྨ་བྱས་མགྲིན་པ་མཐོན་པོར་བཏེགས།།

ཆུ་ཁུར་འཛིན་ལ་གདོང་ཕྱོགས་ནས།།

སྙན་པའི་རྫ་རྔ་འཁྲོལ་བར་བྱེད།།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།