ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་ཆེད་དོན་ཏང་གི་སློབ་ཁྲིད་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

​ཟླ7པའི་ཚེས21ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་ཆེད་དོན་ཏང་གི་སློབ་ཁྲིད་བྱས། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་ནན་མོ་བྱས་ཏེ། ཆབ་སྲིད་ཀྱི་ཚད་གཞི་སྔར་ལས་མཐོ་བའི་ཐོག་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་མཁན་དང་འགུལ་སྐྱོད་མཁན། དངོས་སྒྲུབ་མཁན་བཅས་བྱས་ནས། སྲིད་འབྲས་ལྟ་བ་ཡང་དག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་ཆེད་བྱས་རྗེས་སྔར་ལས་ཆེ་བ་འཇོག་དགོས་པ་ནན་གྱིས་བསྟན།

ལུའོ་ཏུང་ཁྲོན་གྱིས་ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བའི་ལོ་ཡིན་ལ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་བརྩམས་པའི་ལོ་ཡང་ཡིན་པས། ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་ཀྱི་ཏང་འཛུགས་སྐྱོང་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་དངོས་སུ་བཏོན་པ་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་བྱས་ཏེ། “རྒྱུན་འཁྱོངས་བཅུ་བཞིའི”ཚན་རིག་གི་ནང་དོན་དང་“ཕྱོགས་དྲུག”གི་གཞུང་ལུགས་ཀྱི་གཤིས་རྒྱུད་གཅིག་བསྡུས་བྱས་པས། ཏང་འཛུགས་གཞུང་ལུགས་དང་ལག་ལེན་གསར་གཏོད་ལ་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་སྔར་ལས་རྒྱ་ཁྱབ་ཏུ་གོང་བུར་འགྲིལ་བར་དོན་སྙིང་གལ་ཆེ་ཞིང་གཏིང་ཟབ་པོ་ལྡན། ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ཟུང་འབྲེལ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོ་དེར་དམ་འཛིན་ནན་མོ་བྱས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ལ་གནད་ལ་འཁེལ་བ་དང་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཐོག་མཐའ་བར་གསུམ་དུ་དྲིན་ཚོར་བ་དང་བརྩེ་སེམས་འཆང་བ། དངོས་སྒྲུབ་ལ་མཐོང་ཆེན་བྱས་ནས། རང་རྟོགས་ཀྱིས་མི་དམངས་ལ་སྲིད་འབྲས་འཇོག་པ་དང་། དངོས་དོན་སྒྲུབ་པར་བརྟེན་ནས་སྲིད་འབྲས་འཇོག་པ། ཧུར་ཐག་གིས་ལག་ལེན་དང་མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་དངོས་གསར་སྐྲུན་བྱ་དགོས་ཞེས་བསྟན།

ལུའོ་ཏུང་ཁྲོན་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་པའི་ཆབ་སྲིད་ཀྱི་ཚད་ཤིང་ཁོང་དུ་ཆུད་པར་བྱས་ཏེ། ཏང་ཀྲུང་དབྱང་གིས་དར་སྤེལ་གཏོང་ཕྱོགས་མཐའ་གཅིག་ཏུ་དང་ལེན་བྱེད་པ་དང་།  ཏང་ཀྲུང་དབྱང་གིས་གཏན་འབེབས་གནང་བ་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། ཏང་ཀྲུང་དབྱང་གིས་གཏན་འགོག་བྱེད་པ་མཐའ་གཅིག་ཏུ་མི་སྒྲུབ་པ། བློ་བརྟན་འགྱུར་མེད་ཀྱིས་ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བའི་ལག་བསྟར་བྱེད་མཁན་དང་། འགག་སྒྲོལ་དཀའ་སེལ་གྱི་བྱ་སྤྱོད་སྤེལ་མཁན། ལེགས་སྒྲུབ་བྱེད་མཁན་བཅས་ཡག་པོ་བྱས་ཏེ། ལོ་ཧྲིལ་པོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་འགན་འཁྲི་དང་། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། ཆོས་ཉིད་ལ་བརྩི་སྲུང་བྱས་ནས་ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པའི་བྱེད་ཐབས་གལ་ཆེན་ཁོང་དུ་ཆུད་པར་བྱས་ཏེ། འཕེལ་རྒྱས་དང་སྲུང་སྐྱོབ། མྱུར་ཚད་དང་སྤུས་ཚད། མིག་སྔར་དང་ཡུན་རིང་། སྲིད་གཞུང་དང་ཁྲོམ་ར། འཕེལ་རྒྱས་དང་བདེ་འཇགས་བཅས་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་མཚོ་སྔོན་གྱི་དོན་དངོས་དང་མཐུན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ་ས་ཁོངས་གཅིག་ལ་འོད་སྣང་སྣོན་དགོས་པ་མ་ཟད་ཁྱོན་ཡོངས་ལ་གཟི་བརྗིད་ཀྱང་སྣོན་ཐུབ་པ་བྱ་དགོས། དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ནི་སྲིད་འབྲས་ཀྱི་རིན་ཐང་གཉེར་ཕྱོགས་ཆེ་ཤོས་ཡིན་པ་ཁོང་དུ་ཆུད་པར་བྱས་ཏེ། བྱ་ཐབས་སྔར་ལས་ནུས་ལྡན་སྤྱད་དེ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་དོན་འཁྱོལ་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་ཡོང་འབབ་ཀྱི་ཧེ་བག་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག སྤྱི་པའི་ཞབས་ཞུའི་ཧེ་བག་བཅས་ཇེ་ཆུང་དུ་བཏང་ནས། ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་ཏན་ཏིག་བཏང་སྟེ་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་བ་དང་སྔར་ལས་དྲང་སྙོམས་ཀྱིས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་ཕན་པ་ཐོབ་པར་བྱེད་དགོས། ཏང་ལ་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་དོན་འཁྱོལ་བྱེད་པའི་བླང་བྱ་གལ་ཆེན་ཁོང་དུ་ཆུད་པར་བྱས་ཏེ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་། སྲ་ཞིང་བརྟན་པའི་ཏང་གཤིས་རྒྱུན་མཐུད་སྒོས་སྦྱོང་བརྡར་བྱས་ནས། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱས་ཏེ། ཁྲིམས་ལྟར་སྲིད་འཛིན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་འགན་འཁྲི་སྒྲུབ་པའི་འཇོན་ཐང་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ། རྒྱུན་སྲིང་ལྷོད་མེད་ངང་སྤྱོད་གཙང་སྒྲིག་ནན་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་གཅིག་ཏུ་སྒྲིལ་དགོས་ཞེས་ནན་གྱིས་བསྟན།

ཀྲང་ཅིན་ཀང་གིས་འགོ་འཛིན་བྱས་པ་དང་། ཞིང་ཆེན་གྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།